དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་ཀྱི་ཉིན་མོ་སྲུང་བརྩི།

middle way_18_9_2011ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག དབུ་མའི་ལམ་གྱི་སྲིད་ཇུས་དེ་༡༩༩༧ ལོའི་ཕྱི་ཟླ་༩ ཚེས་༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་བྱས་པའི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད། དེ་ཡང་དྷ་ས་ཡོངས་གླེང་སློབ་གྲྭའི་ཚོགས་ཁང་ནང་མཛད་སྒོ་དབུ་འཛུགས་གནང་བ་དང་། ལས་འགུལ་ཁང་དེའི་དྲུང་ཆེ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་བའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། ལས་འགུལ་ཁང་གི་འགན་འཛིན་གཞོན་པ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་གཏན་འབེབས་བྱས་པའི་བརྒྱུད་རིམ་དང་། དེའི་ཕན་འབྲས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

thuten longrig_18_9_2011

དེ་རྗེས་ཉིན་དེའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་དང་། དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བོད་ལ་ཕན་ཐོགས་བྱུང་བའི་སྐོར་དང་། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་རྒྱལ་སྤྱིའི་ནང་རྒྱས་པ་སོགས་དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཡིན་སྐོར་དང་། བོད་ནང་སྐུ་ཚབ་རིམ་པ་བཏང་བའི་སྐོར་གསུངས་ཡོད་པ་རེད།

ཁོང་གིས་མུ་མཐུད་གསུང་དོན། “ང་ཚོའི་དབུ་མའི་ལམ་ལ་བརྟེན་ནས། སྐད་ཆ་ཐེངས་དགུ་ལ་བཤད་རྒྱུ་བྱུང་བ་དང་། ཕན་ཚུན་ལ་ཡིག་ཆ་སྤྲོད་ཐུབ་པ། འདྲ་མཉམ་ཐོག་སྐད་ཆ་བཤད་ཐུབ་པ་ཞིག་བྱུང་བ་རེད། ང་ཚོའི་འཐབ་རྩོད་དེ་རྒྱ་ནག་མཉམ་པོར་བྱེད་དགོས་དུས། ཡང་ན་དམག་བརྒྱབ་ནས་དྲག་པོའི་ཐོག་ནས་ཚུར་འཕྲོག་ཐུབ་པ་ཞིག་དགོས་པ་རེད། ཡང་ན་སྐད་ཆ་བཤད་ནས་འགྲིག་འཇགས་ཡོང་བ་ཞིག་བྱེད་དགོས་པ་རེད། གལ་སྲིད་དབུ་མའི་ལམ་གྱི་སྲིད་ཇུས་མ་བཟུང་ན། ད་ལྟ་ནང་བཞིན་དྲ་མཉམ་གྱིས་སྐད་ཆ་བཤད་ཐུབ་མེད་པ་ཐག་ཆོད་བསྡད་པ་ཞིག་རེད་”ཅེས་ང་ཚོ་ལ་དམག་ཤུགས་མེད་པ་དང་། དེ་ལ་རོགས་སྐྱོར་བྱེད་མཁན་ཡང་མེད་སྐོར། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་དེ་བོད་དེ་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་ཡིན་སྐོར་དང་། གཉིས་ཕན་ཙམ་མ་ཟད། བོད་ཀྱི་ཛ་དྲག་གི་གནས་བབ་སྐྱོབ་ཐབས་ཀྱི་སྲིད་ཇུས་ཡག་པོ་ཞིག་ཡིན་སྐོར་གསུངས་སོང་།

middle way1_18_9_2011ཁོང་གིས་མུ་མཐུད་ལས་འགུལ་སྤེལ་སྟངས་སྐོར་གསུང་དོན། “ལས་འགུལ་སྤེལ་སྐབས་ཐོག་མར་དམིགས་ཡུལ་དང་ལས་ཀ་ཡག་པོ་ཞིག་ཡིན་ནའང། རྗེས་སུ་སྒེར་གྱི་བསམ་བློ་འཁྱེར་ཕྱོགས་དང་སྒེར་ལ་དོ་ཕོག་འགྲོ་གཞི་ཆགས་ན། སྒེར་དང་འབྲེལ་བ་ཆེན་པོ་ཆགས་ནས། ལས་འགུལ་ལ་གནོད་པ་ཡོང་གི་རེད། དབུ་མའི་ལམ་གྱི་ལས་འགུལ་སྤེལ་སྐབས་དབུ་མའི་ལམ་གྱི་སྲིད་ཇུས་རང་ངོ་སྤྲོད་བྱེད་པ་ལས། ལས་འགུལ་གཞན་པར་ཕོག་ཐུག་འགྲོ་གཞི་རུ་གྱུར་ན་ཕན་ཐོགས་མེད་པ་ཆགས་ཀྱི་རེད། དབུ་མའི་ལམ་གྱི་སྲིད་ཇུས་༧གོང་ས་མཆོག་གི་བཞེངས་ཕྱོགས་ཐོག་ནས་གཏན་འབེབས་གནང་བ་ཞིག་ཡིན་ནའང། གཞོན་ལྷན་གྱིས་རང་བཙན་རྩོད་པ་དེ་ཡང་ཐོབ་ཐང་ཞིག་ཡིན་པས། ༧གོང་ས་མཆོག་གིས་དེ་མ་འགྲིག་པ་རེད་ཅེས་གསུང་གི་ཡོད་པ་མ་རེད། དབུ་མའི་ལམ་གྱི་དགོས་པ་དང་ད་སྔའི་བར་ཕན་ཐོགས་ག་རེ་བྱུང་ཡོད་མེད། མ་འོངས་པའི་གནས་སྟངས་སྐོར་སོགས་ངོ་སྤྲོད་དགོས་པ་རེད་”ཅེས་དབུ་མའི་ལམ་གྱི་ལས་འགུལ་ཁང་དེ་གཞུང་ལ་ཞབས་ཕྱི་ཡག་པོ་ཡིན་སྐོར་གསུངས་སོང་།

མཇུག་ཏུ་ལས་འགུལ་ཁང་དེའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལས་འགུལ་གྱི་ཆེད་དུ་ཞལ་འདེབས་གནང་བའི་ཁེ་ཕན་དང་། དེའི་དམིགས་ཡུལ་སྐོར་དང་། ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་རེད།།

{jcomments on}