བཀའ་བློན་གསར་པ་ཚོའི་ལས་འགན་གཏན་ཁེལ།
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་བཀའ་ཁྲི་མཆོག་གིས་མཚན་འདོན་གནང་བའི་བཀའ་བློན་དྲུག་གྲོས་ཚོགས་ནང་སྤྱི་མོས་གྱིས་རྒྱབ་སྐྱོར་ཐོབ་སྟེ། བཀའ་བློན་དུ་བསྐོ་བཞག་བྱུང་བ་དང་། ཟླ་འདིའི་ཚེས་༡༩ ཉིན་ལས་བགོས་བྱས་ཏེ། ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་བཅས་དང་། ཤེས་རིག་བཀའ་བློན་བཀའ་བློན་ཁྲིས་པ་གཅིག་ལྕོགས་གནང་རྒྱུ་ཡིན་པ་རེད།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་གལ་གནད་སྐོར་ངོ་སྤྲོད་དང། དེ་བཞིན་ཁོང་འོས་མིར་ལངས་སྐབས་བཀའ་ཤག་ནང་ཆོལ་ཁ་གསུམ་དང་རྒན་གཞོན། ཕོ་མོ་གཉིས་ཀ་ཡོད་དགོས་སྐོར་ཁས་ལེན་གནང་བ་ལྟར་ཡོད་ཅེས་གསུངས་པ་དང་འབྲེལ། ཁོང་གིས་མུ་མཐུད་གསུང་དོན། “ང་འོས་མིར་ལངས་སྐབས་ནས་ཤེས་ཡོན་དེ་གལ་ཆེ་ཤོས་ལ་བརྩི་ཡི་ཡོད། ད་ལྟའི་ཆར་ཤེས་རིག་ལྷན་ཁང་དེ་ང་རང་གིས་འགན་ཁུར་རྒྱུ་ཡིན། དེ་བཞིན་བཀའ་བློན་རྣམས་ལ་ཤེས་ཡོན་དང་། མཉམ་མྱོང་། ལྷག་བསམ། སྙིང་སྟོབས། ཆོད་སེམས་བརྟན་པོ་ཡོད་པས། ༧གོང་ས་མཆོག་གི་དགོངས་གཞི་བཞིན་བོད་ཕྱི་ནང་གཉིས་ཀྱི་སྤྱི་པའི་དོན་དུ་ཕྱག་ལས་གནང་མཁན་རྐྱང་རྐང་ཡིན། ང་རང་གིས་གདེང་ཚོད་བློས་འགེལ་བྱེད་ཆོག་པ་དང། དགའ་བོའི་ངང་ལོ་ལྔ་རིང་ནང་མི་བཞིན་ཧུར་ཐག་ཞུ་བའི་རེ་བ་ཡོད་ལ། དཀའ་ལས་རྒྱག་གི་ཡིན་”ཞེས་གསུངས་སོང་།
བཀའ་ཁྲི་མཆོག་དང་ཐོག་འོས་མིར་བཞེངས་སྐབས། བཀའ་ཤག་ནང་ཆོལ་ཁ་གསུམ་དང་རྒན་གཞོན། ཕོ་མོ་གཉིས་ཀ་ཡོད་དགོས་སྐོར་གསུངས་པ་མ་ཟད། སེར་མོ་བ་དང་བོད་ནས་གསར་དུ་འབྱོར་བ་ཞིག་ཀྱང་བསྐོས་ཡིན་སྐོར་གསུངས་པས། དེ་མ་བྱུང་བ་སྐུ་ངལ་ག་རེ་འཕྲད་ཡོད་མེད་སྐོར་དྲིས་པར།
ཁོང་གིས་གསུང་དོན། “དང་པོར་ངས་དེ་འདྲ་ཞུས་པ་ཡིན་ལ། བསམ་བློ་མང་པོ་བཏང་བ་ཡིན། རྩ་བའི་འཛིན་སྐྱོང་བྱེད་དགོས་པ་རེད་མོད། ཕྱི་ལ་འབྲེལ་བ་མང་པོ་ང་ཚོས་དགོས་པས་དབྱིན་ཡིག་ཤེས་མཁན་ཞིག་དགོས་ཀྱི་འདུག་བསམ་པའི་ཚོར་སྣང་བྱུང་སོང་། བོད་ནས་གསར་དུ་ཕེབས་མཁན་ཚོ་བརྒྱུད་ནས་རྩད་གཅོད་བྱས་ཡོང་སྐབས། དབྱིན་ཡིག་ཤེས་མཁན་ང་རང་ལ་ངོ་སྤྲོད་པ་བྱུང་མ་སོང་། སྤྱིར་བཏང་ངས་སྔོན་མ་དང་པོ་དགེ་འདུན་པ་དང་གསར་འབྱོར་ཞིག་ཡོད་པ་ཞུས་པ་རེད་མོད། རྗེས་སུ་ངས་ཆོལ་ཁ་གསུམ། ཕོ་མོ་གཉིས་ཀ་དང་རྒན་གཞོན་གཉིས་ཀ་ཡོད་པ་ཞུས་བསྡད་ཡོད། རྩ་བའི་ང་ཚོ་ཚང་མས་དེའི་ཐོག་གནང་གི་རེད་ལ། བདེ་སྐྱིད་ལགས་ཀྱིས་བོད་ནང་ཕྱག་ལས་རྒྱུན་རིང་གནང་མྱོང་བས་ཐུགས་ཕན་སོས་ཀྱི་རེད་བསམ་གྱི་འདུག དགེ་འདུན་པ་ཡིན་ནའང་དེ་ལྟར་རེད་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་སེར་མོ་བ་མ་བསྐོས་པའི་སྐོར་གསུང་དོན། “གཙོ་བོ་ངས་ཆོས་ལུགས་རིས་མེད་ཞུས་བསྡད་ཡོད། ཆོས་བརྒྱུད་ཚང་མར་དབྱེར་མེད་ཀྱི་ཐོག་ནས་ཕྱག་ལས་གནང་མཁན་ཞིག་དགོས་པ་རེད། དགེ་འདུན་པ་ཞིག་ཆོས་བརྒྱུད་གཅིག་ནས་ཕེབས་དགོས་ཀྱི་ཡོད་པས། དེའི་ཐོག་ག་འདྲ་ཡོང་བསམ་པའི་ཚོར་བ་བྱུང་། དེར་བརྟེན་པད་མ་ཆོས་འབྱོར་ལགས་བོད་ནས་འཁྲུངས་པ་རེད། སྤྱིར་བཏང་ང་ཚོའི་ལྟ་བ་ལངས་ཕྱོགས་དེ་རང་རེད། ཆོས་རིག་ལྷན་ཁང་ནང་དུ་བཀའ་བློན་པདྨ་ཆོས་འབྱོར་ལགས་ཀྱིས་ཆོས་བརྒྱུད་ཡོངས་ལ་དབྱེར་མེད་ཐོག་གནང་ཐུབ་པའི་ཡིད་ཆེས་ཡོད་པས། དགེ་འདུན་པ་ཞིག་མ་བཅུག་ཀྱང་འགྲིག་གི་འདུག་”བསམ་སོང་ཞེས་གསུངས་སོང་།
{jcomments on}