བོད་རྒྱ་ཞི་མོལ་སྐོར་ལ་བསྐྱར་ཞིབ་ཚོགས་འདུ་འཚོག་འཆར།
ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་གྲོས་ཚོགས་ནང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་བཞི་བཏང་ཡོད་པ་དང་། དྲི་བའི་ནང་“བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་འཇགས་འཚོོལ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ན། ས་གནས་དང་དུས་ཚོད་གང་འདྲ་ཞིག་ཏུ་ཡིན་ནའང་རྒྱ་གཞུང་དང་གྲོས་མོལ་བྱེད་རྒྱུ་རྒྱི་གྲ་སྒྲིག་ཡོད་”ཅེས་གསུངས་པར་དྲི་བ་ཞུ་རྒྱུར། རྒྱ་གཞུང་ནས་སྐུ་ཉིད་“འཇིགས་སྐུལ་རིང་ལུགས་པ་”ཡིན་པའི་གསལ་བསྒྲགས་བྱས་ཡོད་ན་དེར་གསལ་བཤད་གང་ཡང་གནང་རྒྱུ་ཡོད་དམ་ཞེས་དྲིས་པར།
བཀའ་ཁྲིས་ཡིག་ཐོག་དྲིས་ལན་གནང་བ། “རྒྱ་ནག་གཞུང་གི་བརྒྱུད་ལམ་ཞིག་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་འཇིགས་སྐུལ་རིང་ལུགས་པ་ཞིག་རེད་ཟེར་ནས་བཤད་འདུག་པ་ལྟར། ང་དེ་སྔོན་གཞོན་ནུའི་ཚོགས་མི་ཞིག་ཡིན་པར་བརྟེན་འཇིག་སྐུལ་རིང་ལུགས་རེད་ཟེར། ཁུངས་མེད་ཀྱི་བཤད་ཚུལ་དེར་ངས་གསར་འགོད་ལྷན་ཚོགས་ཐེངས་མང་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་མ་རེད་ཅེས་བཤད་ཡོད་”ཅེས་ལན་འདེབས་གནང་སོང་།
མིང་འདོགས་དེ་དག་ཚབས་ཆེན་ཞིག་ལ་སོང་། བོད་དོན་འགྲིག་ཆགས་འཚོལ་རྒྱུའི་ཡིད་ཆེས་གནང་བཞིན་པའི་གཞི་རྟེན་གང་ཡིན་ནམ་ཞེས་དྲིས་པར། བཀའ་ཁྲིས་“ང་ཐོག་མར་བཀའ་ཁྲིའི་འོས་གཞིའི་ནང་བཞུགས་སྐབས། དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད། འབྱུང་འགྱུར་ལོ་ལྔའི་རིང་ལག་ལེན་ཞུ་གི་ཡིན་བཤད་པར་རྒྱ་ཆེའི་མང་ཚོགས་ཀྱིས་ང་ལ་ཡིད་ཆེས་བློ་གཏད་ཀྱི་རྒྱབ་སྐྱོར་གནང་བའི་གཞི་རྟེན་འདི་ལ་རྟེན་ནས་ཁས་ལེན་གང་ཞུས་པ་ལག་ལེན་བསྟར་རྒྱུ་ཡིན་”ཞེས་ལན་འདེབས་གནང་སོང་།
བཀའ་ཁྲི་སྔོན་མའི་སྐབས་རྒྱ་གཞུང་ལ་སྐུ་ཚབ་ཐེངས་དགུ་བཏང་གནང་བར་“འབྲེལ་མོལ་”ཞེས་པར་སྐུ་ཉིད་ནས་“གྲོས་མོལ་”གསུངས་པར་ཁྱད་པར་གཟིགས་ཀྱི་ཡོད་མེད་ཀྱི་རྒྱུ་མཚན་གང་ཡོད་དམ་ཞེས་དྲིས་པར། “འབྲེལ་མོལ་རང་ཡིན་པར་ངོས་འཛིན་ཡོང་བ་ཞུ་”ཞེས་ལན་འདེབས་གནང་སོང་།
༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུར་འགྱུར་བ་སོང་ཟིན་པར་བརྟེན་རྒྱ་གཞུང་དང་“གྲོས་མོལ་”གནང་རྒྱུའི་འཆར་གཞི་གང་འདྲ་ཡོད་དམ་ཞེས་དྲིས་པར། “༧གོང་ས་མཆོག་གི་སྐུ་ཚབ་གཉིས་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་རྒྱ་གར་ནང་ཡོད་པ་རྣམས་དང་ལྷན་དུ། རིང་མིན་ཉིན་གཅིག་རིང་བསྐྱར་ཞིབ་ཚོགས་འདུ་ཞིག་གནང་འཆར་ཡོད་”ཅེས་ལན་འདེབས་གནང་སོང་།
གྲོས་ཚོགས་ནང་སྐར་རྟགས་ཅན་གྱི་དྲི་བར་ཡིག་ཐོག་ནས་ལན་འདེབས་རྗེས། འཕྲོས་དོན་དྲི་བ་གཏོང་ཆོག་པས། མང་པོ་གཏོང་སྲོལ་ཀྱང་འདུག་ལ། སྒོས་སུ་བོད་རྒྱ་ཞི་མོལ་སྐོར་ལ་འཕྲོས་དོན་དྲི་བ་མང་པོ་གཏོང་གི་འདུག་ཀྱང་། ད་ཐེངས་འཕྲོས་དོན་དྲི་བ་གཅིག་ཀྱང་བྱུང་མེད་པ་རེད།།
{jcomments on}