བལ་ཡུལ་སྲིད་བློན་གྱི་རྒྱལ་ཡོངས་གཏམ་བཤད་ཐོག་མ་དང་ཉེན་བརྡ།
དེ་ཡང་སྲིད་བློན་གསར་པས་ཚེས་༡༦ ཉིན་གྲོས་ཚོགས་བརྒྱུད་རྒྱལ་ཡོངས་ལ་གཏམ་བཤད་ཐོག་མ་དེ་གནང་བ་བརྙན་འཕྲིན་སོགས་གསར་ལམ་ཁག་ནས་ཐད་གཏོང་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་“སྣེ་ཁྲིད་པའི་གཞུང་གིས་འགོག་རྐྱེན་བར་ཆད་མེད་བའི་སྒོ་ནས་ད་ལྟའི་བལ་ཡུལ་རྒྱལ་ནང་དུ་ཞི་འགྲིག་ལས་དོན་དང་། རྩ་ཁྲིམས་གསར་བཟོ་སོགས་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་བཞིན་པ་ནི་ཐེ་ཚོམ་བྱེད་མི་དགོས་བའི་དམིགས་ཡུལ་ཡིན། དེ་ལེགས་འགྲུབ་ཡོང་བ་ལ་གཙོ་བོ་ཆབ་སྲིད་ཚོགས་པ་ཁག་དང་། རྒྱལ་ཡོངས་མི་མང་གི་མཐུན་འགྱུར་དང་རྒྱབ་སྐྱོར་མེད་ན་འགྲུབ་ཐབས་མེད། དེར་བརྟེན་ད་ལྟ་བལ་ཡུལ་རྒྱལ་ཁབ་དེ་བཞིན་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་བ་དང་། གཉན་འཕྲང་ཅན་གྱི་དུས་སྐབས་ལ་གནས་ཡོད་པས། ནང་ཁུལ་རྩོད་རྙོག་ལ་འཐོམ་ནས་མ་བསྡད་པར་ཆབ་སྲིད་ཚོགས་པ་ཚོས་རྒྱལ་ཁབ་ཀྱི་ཞི་བའི་ལས་དོན་ལེགས་འགྲུབ་ཡོང་རྒྱུ་དང༌། རྩ་ཁྲིམས་གསར་བཟོ་ལམ་ལྷོང་ཡོང་ཐབས་ལ་ལྷག་བསམ་གྱིས་ནུས་ཤུགས་འདོན་པའི་དུས་ཚོད་རེད་”ཅེས་ནན་ཏན་ངང་འབོད་སྐུལ་གནང་འདུག
ཁོང་གིས་“ད་བར་གཙོ་བོ་ནང་ཁུལ་ཆབ་སྲིད་ཚོགས་པ་ཁག་བར་འཆམ་མཐུན་མ་བྱུང་བའི་དཀའ་རྙོག་ཁྲོད་རྒྱལ་ཁབ་ཀྱི་ལས་དོན་དང་ཆིག་སྒྲིལ་ལ་འགོག་རྐྱེན་འཕྲད་པ་ཡོངས་གྲགས་ལྟར། གལ་ཏེ་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་ཁག་ནང་ཁུལ་དུ་ཕན་ཚུན་ཡིད་ཆེས་དང༌། ཆིག་སྒྲིལ་མཉམ་ལས། རྒྱལ་ཁབ་དང་སྤྱི་པའི་ལས་དོན་ལ་ལྷག་བསམ་བཅངས་ན་དཀའ་ཚེགས་ཆེ་བའི་ལས་དོན་ཁག་གང་མཚམས་བསྒྲུབ་ཐུབ་པའི་ཡིད་ཆེས་དང་ལམ་ཁ་གཅིག་པུ་དེ་ཡིན་”ཞེས་གསུངས་པ་དང་། མདོ་དོན་ཆབ་སྲིད་ཚོགས་པ་དང་མི་མང། ཚང་མས་ལྷག་བསམ་ངང་ཆིག་སྒྲིལ་གྱི་ནུས་པ་མ་བཏོན་ན། ད་ལྟའི་བལ་ཡུལ་གྱི་གནས་སྟངས་ནི་ཞི་བདེ་དང་ཡང་ན་བསྐྱར་དུ་དམག་འཁྲུག་ཡོང་རྒྱུའི་ཉེན་ཁའི་དཀྱོགས་མཚམས་ན་ལུས་ཡོད་པའི་ཉེན་བརྡའི་གཏམ་བཤད་ཡང་གནང་ཡོད།།
སྤྱི་ཚེས་ ༡༨ ཉིན་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Bhattarai མཆོག་གིས་བལ་ཡུལ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཨ་རིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཕྱོགས་ཐོན་གནང་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།