བཙུན་མའི་འཇང་དགུན་ཆོས་ཆེན་མོ།

དེ་ཡང་ཉིན་དེའི་སྔ་དྲོ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་རིན་པོ་ཆེ་རྣམ་པ་དང་།  མོན་གྷོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་དང་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཉིས་ཀྱི་གཙོས་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་རྣམ་པ།   གཞན་ཡང་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་བཅས་ཕེབས་ཡོད་པ་རེད།

jangun chotsok  of unt 2011  9  20 1

སྐབས་དེར་བྱང་ཆུབ་ཆོས་གླིང་གི་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་འཇང་དགུན་ཆོས་འཚོགས་དགོས་པའི་སྐོར་ལ་གསུང་བཤད་གནང་དོན།  དེ་རིང་སྐབས་སུ་བབས་པའི་དུས་ཚོད་འདི་ནི་ཧ་ཅང་གི་རྩ་ཆེན་པོ་ཞིག་དང་། བསྐལ་བ་བཟང་པོ་ཞིག་ཡིན་སྟབས་བོད་ཀྱི་བཙུན་མའི་འཇང་དགུན་ཆོས་ཆེན་མོ་འདི་ཟླ་བ་གཅིག་རིང་འཚོག་གཏན་ཁེལ་བ་རེད།  ཕྱོགས་སོ་སོའི་བཙུན་དགོན་ཁག་ནས་ཆེད་དུ་ཕེབས་པའི་བཙུན་མ་སློབ་གཉེར་བ་ཚོས་ནང་དོན་ཚད་མ་རིག་པ་དང་རྣམ་འགྲེལ་གྱི་གཞུང་སོགས་ལ་རྩོད་སྒྲུབ་བྱས་ཏེ་མཉམ་ཞུགས་གང་ཐུབ་བྱེད་དགོས་པ་དང་།   ལྷག་པར་དུ་དོན་སྙིང་ལྡན་པའི་འཇང་དགུན་ཆོས་ཤིག་ཡོང་ཐབས་ལ་སློབ་གཉེར་བ་ཡོངས་ཀྱིས་འབད་བརྩོན་གནང་རོགས་ཞེས་གསུངས་སོང་།

དེ་ཡང་འདི་ལོར་བོད་ཀྱི་བཙུན་མའི་འཇང་དགུན་ཆོས་སུ་ཕེབས་མཁན་དྷ་ས་དགའ་ལྡན་ཆོས་གླིང་དང་།   འཇམ་དབྱངས་ཆོས་གླིང་།  སྒྲོལ་མ་གླིང་།  བལ་ཡུལ་གྱི་གོ་པཎ་དགོན་པ་དང་།   ཐུགས་རྗེ་ཆོས་གླིང་།  བཀའ་བརྒྱུད་དོན་བརྒྱུད་ཆོས་གླིང་།    ཧི་མ་ལའི་རི་རྒྱུད་ཀྱི་ཁོ་ནེ་དགོན་པ་བཅས་བཙུན་དགོན་ཁག་བདུན་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་བཙུན་དགོན་ཁག་བརྒྱད་ཀྱི་བཙུན་མ་བཞི་བརྒྱ་མ་ཟིན་ཙམ་འཇང་དགུན་ཆོས་སུ་ཆེད་ཕེབས་གནང་ཡོད་པ་རེད། དུས་ཡུན་ཟླ་གཅིག་རིང་འཚོག་གཏན་ཁེལ་བའི་ད་ཐེངས་ཀྱི་འཇང་དགུན་ཆོས་འདི་ནི་བཙུན་མའི་འཇང་དགུན་ཆོས་དབུ་བརྙེས་ནས་འདི་ལོར་ཐེངས་བཅུ་བདུན་པ་དང་དམིགས་བསལ་རྒྱ་གར་ལྷོ་ཕྱོགས་བཙུན་དགོན་བྱང་ཆུབ་ཆོས་གླིང་ལ་མཚོན་ན་ཚོགས་ཐེངས་བཞི་པ་ཆགས་ཀྱི་ཡོད་འདུག་ལ།  བཙུན་དགུན་བྱང་ཆུབ་ཆོས་གླིང་ནི་ཕྱི་ལོ་༡༩༨༤  ལོར་གསར་དུ་བཙུགས་ཏེ་ད་ལྟའི་ཆར་དགོན་པའི་ནང་གཏན་སྡོད་བྱེད་མཁན་བཙུན་མ་ཉིས་བརྒྱ་ལྷག་ཡོད་པ་རེད།།
མོན་གྷོ་ས་གནས་གསར་འགོས་པས།