དགེ་འདུན་པ་བཅུ་གཅིག་གིས་ཞི་བའི་གོམ་བགྲོད།
དགེ་འདུན་པ་རྣམས་ཅན་དྷི་གྷར་དུ་མ་སླེབས་བར་ཉིན་བཅུ་གཉིས་རིང་ས་གནས་ཁག་ཏུ་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད་བྱེད་བཞིན་དུ་རྒྱ་གར་གྱི་མངའ་སྡེ་དྲུག་གི་ནང་སྐོར་བསྐྱོད་བྱས་ཡོད་པ་རེད།
ཁོང་ཚོའི་ནང་གི་དགེ་འདུན་པ་ཞིག་གིས་བརྗོད་དོན། “ཁོང་ཚོ་ཧི་མ་ཅལ་མངའ་སྡེའི་མཱན་ཧར་པོར་དུ་སླེབས་སྐབས་ས་གནས་ཉེན་རྟོག་པས་བཀག་བྱུང་། སྐབས་དེར་ང་ཚོས་བོད་ནང་ལ་ཡོད་པའི་བོད་མི་རྣམས་ཀྱིས་རང་དབང་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་པ་དེར་རྒྱབ་སྐྱོར་མཚོན་ཆེད་དུ་ཞི་བའི་གོམ་བགྲོད་ལ་འགྲོ་ཡི་ཡོད་ཅེས་འགྲེལ་བརྗོད་བྱས་རྗེས། མུ་མཐུད་འགྲོ་ཆོག་པའི་ཆོག་མཆན་གནང་སོང་”ཞེས་བརྗོད་འདུག
ཁོང་ཚོས་ཕ་ཡུལ་དྲ་རྒྱུར་ཁ་པར་བརྒྱུད་གསུང་དོན། “ཁོ་ཚོ་བདུན་ཕྲག་གཉིས་ནང་ཚུན་ལ་རྡ་རམ་ས་ལར་འབྱོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། སྐབས་དེར་ས་གནས་ལ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང། བོད་མི་རྣམས་ལས་འགུལ་ནང་ཁོང་ཚོ་མཉམ་དུ་ཉིན་གསུམ་རིང་འཛུལ་ཞུགས་བྱེད་རོགས་”ཞེས་བརྗོད་འདུག
ཐེངས་འདིའི་ཞི་བའི་གོམ་བགྲོད་ལ་འགྲོ་མཁན་གྱི་དགེ་འདུན་པ་བཅུ་གཅིག་ནང་ནས་དགེ་འདུན་པ་གསུམ་ཆམ་ནད་ན་བ་དང་། གྲོད་ཁོག་ན་བ། རྐང་པ་ལ་ཆུ་འབུར་ཐོན་པའི་དཀའ་ངལ་འཕྲད་ཡོད་པ་རེད།
དགེ་འདུན་པ་བྱམས་པས་བརྗོད་དོན། “ཐེངས་འདིའི་ཞི་བའི་གོམ་བགྲོད་པའི་འདིའི་རྗེས་སུ། མ་འོངས་པར་ཡང་བོད་དོན་ཆེད་ལས་ཀ་གང་མང་བྱེད་རྒྱུར་སེམས་འགུལ་དང་སྤོབས་པ་བསྐྱེད་སོང་”ཞེས་བརྗོད་འདུག །