ཆོས་ཚོགས་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་བ།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམ་པ་དང་། བླ་སྤྲུལ་དང་མཁན་པོ། སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་དེ་ཟླ་འདིའི་ཚེས་༢༢ ཉིན་དྷ་སར་དབུ་འཛུགས་གནང་བ་དང། ཉིན་གྲངས་གསུམ་རིང་འཚོག་འཆར་ཡོད་པ་རེད།

choetsok1_22_9_2011ཆོས་ཚོགས་ཐེངས་བཅུ་གཅིག་པའི་དབུ་འབྱེད་མཛད་འགོའི་ཐོག་ཆོས་སྡེ་ཁག་གི་ཚོགས་བཅར་བ་སྐུ་ཚབ་༢༢  དང་བཀའ་བློན་ཁྲི་པ། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་བཅས་ཆེད་ཕེབས་གནང་ཡོད་པ་དང་། ཐོག་མར་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་རྟེན་གཙོ་ཐུབ་དབང་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་དབྱེ་གནང་སྒྲུབས་རྗེས་། ཉེ་ཆར་སྐུ་གཤེགས་པ་སྔ་འགྱུར་རྙིང་མའི་དབུ་ཁྲིད་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་། སྐུ་གཤེགས་དམ་པ་བཀའ་བློན་ཁྲི་ཟུར་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། ཉེ་ཆར་ས་ཡོམ་གོད་ཆག་གི་རྐྱེན་པས་རྒྱ་གར་དང་། བལ་ཡུལ། བོད་བཅས་སུ་རྐྱེན་འདས་སུ་སོང་བ་རྣམས་ལ་སྐར་མ་གཅིག་གི་མྱ་ངན་གུས་འདུས་ཞུས་སོང།

དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཆོས་ཚོགས་ཀྱི་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང་། བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།

འདི་གའི་གསར་འགོད་པས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་སུ་ཆོས་ཚོགས་འདིའི་སྐབས་༧གོང་ས་མཆོག་གིས་མ་འོངས་ཡང་སྲིད་འཚོལ་ཞིབ་ཀྱི་སྐོར་བཀའ་བསྡུར་ཞུ་མིན་ཐད་དྲིས་པར། ཁོང་གིས་གསུང་དོན། “༧གོང་ས་མཆོག་གི་ཡང་སྲིད་འཚོལ་ཞིབ་སྐོར་ལ་ད་ཐེངས་དམིགས་བསལ་གྱི་གྲོས་གཞི་མེད། སང་ཉིན་ཉིན་གཉིས་པའི་ཐོག་༧གོང་ས་མཆོག་ཆོས་ཚོགས་ལ་ཕེབས་སྐབས་དེའི་སྐོར་བཀའ་ཞིག་གནང་སྲིད་པ་རེད་། དེ་མིན་ད་ལྟ་དེའི་སྐོར་དམིགས་བསལ་ཞུ་ཐུབ་ཀྱི་མིན་འདུག་” ཅེས་གསུངས་སོང་།

སང་ཉིན་ཕྱི་ཚེས་༢༣ ཉིན་སྤྱི་ནོར་༧གོང་ས་བསྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་སུ་ཆིབས་བསྒྱུར་དང་ཚོགས་བཅར་བ་ལ་བཀའ་སློབ་བཀའ་དྲིན་བསྐྱངས་རྒྱུ་ཡིན་པ་རེད།

ཚོགས་བཞིན་པའི་ཆོས་ཚོགས་ཉིན་གྲངས་གསུམ་དེའི་རིང་གྲོས་གཞི་གཙོ་བོ་དོན་ཚན་དགུའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། ཉིན་དང་པོའི་སྐབས་གྲོས་གཞི་དོན་ཚན་ལྔ་སྟེ། ཆོས་ཚོགས་ཐེངས་༡༠ པའི་གྲོས་ཆོད་ཁག་ལ་ལག་བསྟར་ཐུབ་པ་དང་མ་ཐུབ་པ་ཇི་བྱུང་གི་གནས་སྟངས་དང་། གྲོས་ཆོད་དང་པོའི་ནང་གསལ་གནང་སྒོ་ཁག་ཁུངས་སོ་སོའི་ལག་བསྟར་ཇི་ཙམ་འཁེལ་མིན་དང་མ་ཁེལ་བ་རྣམས་ལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ།

བཙུན་མའི་འདུས་སྡེའི་ཁོངས་ནས་སློབ་གཉེར་མཐར་སོན་པ་རྣམས་ལ་མཚན་གནས་གསར་རྙིང་གང་འོས་སྐོར། གདན་ས་བཤད་གྲྭ་ཁག་གི་ནང་ཚན་རིག་སློབ་གཉེར་ཞུ་དགོས་ཐད་ཆོས་སྡེ་སོ་སོས་ཕྱག་བསྟར་ཇི་གནང་དང་མུ་མཐུད་ཕྱག་བསྟར་གནང་ཕྱོགས་སྐོར་། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཤིག་འཛུགས་རྒྱུའི་བྱུང་རིམ་དེར་བསྐྱར་ཞིབ། འབྱུང་འགྱུར་གནང་ཕྱོགས་ཐད་བཅས་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

ཚེས་༢༣ ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག་ཚོགས་ཆེན་དུ་བཅར་བའི་བླ་ཆེན་རྣམས་པས་དབུས་ཚོགས་ཞུགས་པ་ཡོངས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྔོ་སྨོན་མཆོད་འབུལ་གནང་རྒྱུ་ཡིན་པ་རེད། དེ་རྗེས་༧གོང་ས་མཆོག་ཆོས་ཚོགས་ཐོག་ཕེབས་ནས་བཀའ་སློབ་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་མཁན་པོ་དང་། དགེ་བཤེས་སོགས་ཆོས་པའི་མཚན་གནས་འཛིན་པ་རྣམས་ལ་མཚན་དོན་མཚུངས་མིན་སྐོར་གཟིགས་ཚུལ་གླེང་སློང་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་ལ་གནང་ཕྱོགས་ཇི་དགེའི་སྐོར་དང་། དགེ་སློང་མའི་སྡོམ་རྒྱུན་སྐོར། ཆོས་དོན་ལྷན་ཚོགས་ཀྱིས་ཁྲིམས་ལུགས་གཞིར་བཟུང་ལས་དོན་གནང་ཕྱོགས། ཆོས་ཚོགས་ཐེངས་དགུ་པའི་གྲོས་ཆོད་དགོངས་དོན་ལྟར་ཆོས་རིག་ལས་ཁུངས་ནས་རྒྱལ་བ་ཇོ་ནང་པའི་སྐོར་འབྲེལ་ཡོད་བླ་ཆེན་རྣམ་པའི་སྐུ་ཚབ་བསྐོ་བཞག་སྐོར་མཐའ་མའི་གནས་སྟངས་ལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ་བཅས་ཡིན་པ་རེད།།

{jcomments on}