དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་མཇུག་བསྡོམས།
ཟླ་འདིའི་ཚེས་༢༢ ཉིན་རྒྱུགས་སྤྲོད་ཡོངས་སུ་ལེགས་པར་གྲུབ་ནས་མཇུགས་བསྡོམས་གསུང་བཤད་ཀྱི་ཚོགས་འདུ་ཞིག་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་འཚོགས་པ་དང་། མཛད་སྒོའི་ཐོག་འབྲས་བློ་གླིང་མཁན་ཟུར་དཀོན་མཆོག་པ་སངས་ལགས་དང་། དགའ་ལྡན་ཤར་རྩེའི་མཁན་པོ་ལས་ཐོགས་བྱང་ཆུབ་ཆོས་ལྡན་རྣམ་གཉིས་ཀྱིས་གཙོས་གྲྭ་ཚང་ཁག་གི་མཁན་པོ་དང་མཁན་ཚབ་རྣམ་པ། དེ་བཞིན་རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པ་དང་ཡོངས་མཉམ་འཛོམས་ཐོག་མཁན་པོ་དང་མཁན་ཚབ་རྣམ་པས་རིམ་བཞིན་དགེ་ལུགས་རྒྱུགས་སྤྲོད་དང་འབྲེལ་བའི་དགོངས་ཚུལ་དང་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཞིབ་དོ་དམ་པས་རྒྱུགས་སྤྲོད་དེ་དང་འབྲེལ་བའི་སྐོར་གསུང་དོན། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་སྤྲོད་པ་ཡོངས་ཀྱི་རྒྱུགས་འབྲས་ཀྱི་བརྒྱ་ཆ་ཇི་ཐོབ་ད་དུང་ཟླ་ཤས་རིང་གསལ་པོ་ཤེས་ཀྱི་མེད། རྒྱུགས་སྤྲོད་པ་ཚོའི་ངོས་ནས་ལོ་མང་རིང་དཀའ་ལས་བརྒྱབ་པ་དེ་ང་ཚོ་རྒྱུགས་ཞིབ་པའི་ངོས་ནས་དུས་ཚོད་གང་མཚམས་བཏང་བའི་ཐོག་རྒྱུགས་འབྲས་ཀྱི་བརྒྱ་ཆ་ཞིབ་ཚགས་གྲངས་གཤེར་བྱེད་རྒྱུ་ཡིན། སྤྱིར་བཏང་ནས་ད་ལོའི་རྒྱུགས་སྤྲོད་པ་མང་ཆེ་བའི་རྒྱུགས་འབྲས་ལེགས་སོན་བྱུང་ཡོད་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་བར་ང་ཚོ་རྒྱུགས་ཞིབ་དོ་དམ་པའི་ངོས་ནས་ཉམས་མྱོང་སོགས་གོམས་བྱང་གི་མ་འདང་བའི་ཆ་ཡོང་ཡོད་ན་དགོངས་སེར་ཞུ་རྒྱུ་དང་། ཕྱིན་ཆད་དེའི་རིགས་མི་ཡོང་བར་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དང་།
ཡང་མུ་མཐུད་ནས་གསུང་དོན། སྤྱིར་བཏང་ལོ་སྔོན་མ་ཚོར་རྒྱུགས་སྤྲོད་གཏོང་སྐབས་ཉི་མ་བར་སྟོང་གཅིག་ཀྱང་མེད་པར་བསྟུད་མར་བྲིས་རྒྱུགས་དང་རྩོད་རྒྱུགས་རིམ་པས་གཏོང་གི་ཡོད་པས། རྒྱུགས་སྤྲོད་པ་ཚོ་ལ་ངལ་གསོའི་དུས་སྐབས་མེད་པའི་རྐྱེན་གྱིས་ན་ཚ་ཡོང་བ་དེ་འདྲ་འབྱུང་གི་ཡོད་པ་རེད། འོན་ཀྱང་ད་ལོ་ཡིན་ན་བྲིས་རྒྱུགས་དང་རྩོད་རྒྱུགས་སྐབས་སུ་བར་སྟོང་ཉི་མ་རེ་རེ་བཞག་པ་སོགས་ལ་བརྟེན་ནས། ལོ་སྔོན་མ་རྣམས་དང་མི་འདྲ་བར་ད་ལོ་རྒྱུགས་སྤྲོད་པ་རྣམས་ཀྱི་སྐུ་གཟུགས་བདེ་མིན་སོགས་མི་འདོད་པའི་འགལ་རྐྱེན་གང་ཡང་མ་བྱུང་བའི་ཐོག་ནས་རྒྱུགས་སྤྲོད་ཆ་ཚང་ལེགས་གྲུབ་བྱུང་ཡོད་སྐོར་གསུངས་སོང་།
དེ་བཞིན་ད་ཐེངས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། རྭ་སྟོད་བཅས་ནས་དགེ་འདུན་པ་ཞལ་གྲངས་༦༠༢ རྒྱུགས་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་རྒྱལ་ཁའི་ངང་མཇུག་ཡོངས་སུ་བསྒྲིལ་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གསར་འགོད་པས།
{jcomments on}