བལ་ཡུལ་ནས་བོད་མི་བྲོས་བྱོལ་བར་ཉེས་ཆད་བཅད་འདུག

དེ་ཡང་བལ་ཡུལ་གཞུང་གིས་འདས་བའི་ཉིན་གྲངས་བཅུ་ལྷག་གི་རིང་བཀག་ཉར་བྱས་བའི་བལ་བོད་ས་མཚམས་བརྒྱུད་བྲོས་བྱོལ་སྐྱབས་བཅོལ་ལ་ཡོང་མཁན་བོད་མི་ཉི་ཤུ་དང་། དེ་རྗེས་བྲོས་བྱོལ་དུ་ཡོང་མཁན་བོད་མི་གསུམ་བཅས་བསྡོམས་པས་མི་གྲངས་ ༢༣ ཡོད་པ་ཕྱི་ཚེས་ ༢༢ རེས་གཟའ་ཕུར་བའི་ཉིན་གློད་དཀྲོལ་བཏང་ཡོད།

དེའི་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་མེད་ཀྱང་། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། བོད་མི་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་ཁོང་ཚོར་བལ་ཡུལ་རྒྱལ་ནང་དུ་ཡོང་ཆོག་པ་དང་། འགྲུལ་བཞུད་ཆོག་པའི་ལག་ཁྱེར་གང་ཡང་སྟོན་རྒྱུ་མེད་པར་བརྟེན་། བདུན་ཕྲག་གཉིས་མ་ཟིན་ཙམ་རིང་འདྲི་གཅོད་གང་མང་བྱས་མཐར་མི་རེ་ལ་ཆ་སྙོམས་བལ་སྒོར་བཞི་སྟོང་ལ་ཉེ་བའི་ཉེས་ཆད་བཏང་བཅད་ནས། ཚེས་༢༢ ཉིན་གློད་གྲོལ་བཏང་ནས་བལ་ཡུལ་སྣེ་ལེན་ཁང་དུ་བདེ་འབྱོར་བྱུང་ཡོད་པ་རེད།

ཉེ་བའི་ཉིན་ཤས་རིང་བོད་མི་ཁོང་ཚོའི་གནད་དོན་ཐད། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཁག་དང་། ཕྱིའི་གཞུང་ཚབ་ཁག་བཅས་ནས་ཀྱང་བློ་འཚབ་ཆེན་པོས་བལ་ཡུལ་གཞུང་ལ་འབྲེལ་གཏུགས་དང་། གློད་གྲོལ་ཡོང་ཐབས་ཤེས་བྱས་ཡོད་པ་རེད།

བྲོས་བྱོལ་རུ་ཁག་གི་ཁོངས་སུ་བུ་བཅོ་བརྒྱད་དང་། བུ་མོ་ལྔ་བཅས་བསྡོམས་པའི་མི་གྲངས་ ༢༣ ཡོད་པ་དང་། ཁོང་ཚོའི་ཕ་ཡུལ་ནི་མང་ཆེ་བ་ཁམས་དཀར་མཛེས་དང་སྡེ་དགེ  གོང་འཇོ།  འབའ་ཐང་།  ནག་ཆུ་འབྲི་རུ་རྫོང་སོགས་ནས་ཡིན་འདུག ལ་ད་ཆ་ཁོང་ཚོ་ཚང་མ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ཕལ་ཆེ་བ་སློབ་ཞུགས་བྱེད་རྒྱུ་ཡིན་པ་རེད་འདུག །

{jcomments on}