ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སོང་བའི་ཆེད་བསྔོ་སྨོན།

བསྔོ་སྨོན་མཆོད་འབུལ་སྐབས་ཐེངས་འདིའི་ཚོགས་མགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་ཚོགས་ཐོག་བཅར་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་དབུ་ཁྲིད་བླ་ཆེན་ཁག་དང་། སྐུ་ཚབ། མཁན་པོ་དང་བླ་སྤྲུལ་ཉི་ཤུ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། གཞུངས་ཞབས་དང་སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་འདུག སྐབས་དེར་གཙོ་བོ་ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་དང་། བལ་ཡུལ། བོད་བཅས་སུ་ས་ཡོམ་གོད་ཆག་གྱི་རྐྱེན་པས་མི་གྲངས་མང་པོ་ཞིག་རྐྱེན་འདས་སུ་སོང་བའི་འདས་པོ་རྣམས་ཀྱི་ཆེད་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཉེ་ཆར་སྐུ་ཞི་བར་གཤེགས་པ་སྔ་འགྱུར་རྙིང་མ་པའི་དབུ་ཁྲིད་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག  བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེ་སྲེག་བཏང་ནས་སྐུ་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་སོགས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གནང་ཡོད་པ་རེད།

སྐབས་དེར་བསྔོ་སྨོན་མཆོད་འབུལ་དེ་ཆོས་རིགས་ལས་ཁུངས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག །