སྤྱི་འཐུས་ཀྱི་འོས་ཐོབ་པར་བརྒྱ་ཆ་༣༣ དགོས་པ་ཕྱིར་འཐེན།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་སྤྱི་འཐུས་ཀྱི་འོས་ཐོབ་པ་ལ་ཐོབ་ཁོངས་སོ་སོའི་འོས་འཕེན་པའི་བརྒྱ་ཆ་༣༣ ཡན་གྱིས་རྒྱབ་སྐྱོར་ཐོབ་མེད་ན། སྤྱི་འཐུས་ཆགས་ཐུབ་ཀྱི་མེད་པ་དང་། སྒྲིག་གཞིའི་ཆ་རྐྱེན་འདིའི་འོག་ནས་དཀའ་ངལ་འཕྲད་པ་སྐབས་བཅུ་གསུམ་པའི་ནང་དུ་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་ཤོག་བརྒྱ་ཆ་མ་ལོངས་པར་བསྐྱར་དུ་འོས་འདེམས་བྱེད་དགོས་བྱུང་བ་དང་། སྐབས་དེའི་ནང་དུ་དབུས་གཙང་སྤྱི་འཐུས་གཅིག་དང་མདོ་སྨད་སྤྱི་འཐུས་གཉིས་རྩ་དགོངས་ཞུས་པར་ཚབ་ཏུ་བརྒྱ་ཆ་༣༣ ལོན་པའི་སྒུག་ཐོ་མེད་པར་བསྐྱར་དུ་འོས་བསྡུ་བྱེད་དགོས་བྱུང་ཡོད། སྐབས་བཅོ་ལྔ་པའི་འོས་འདེམས་བྱས་པའི་ཁྲོད་ནས་དབུས་གཙང་གི་སྤྱི་འཐུས་གཉིས་ལ་དགོས་ངེས་ཀྱི་བརྒྱ་ཆ་མ་ལོངས་པར་བསྐྱར་དུ་བར་མའི་འོས་བསྡུ་བྱེད་དགོས་བྱུང་བ་སོགས་ལ་བརྟེན་འགྲོ་སོང་དང་། དུས་ཚོད་ཆུད་ཟོས་སུ་འགྲོ་བཞིན་ཡོད་པ་རེད། དཔེར་ན་ལོ་འདིའི་དབུས་གཙང་གི་བར་མའི་འོས་བསྡུའི་འགྲོ་སོང་བཀའ་འཁྲོལ་ཧིན་སྒོར་འབུམ་༡༨ ཙམ་ཞུས་འཁྲོལ་བྱུང་ཡོད་འདུག ད་ལན་གྲོས་ཚོགས་ནང་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་སྤྱི་འཐུས་ཀྱི་འོས་ཐོབ་པ་ལ་ཨང་རིམ་རྩེ་བཏོག་ལས་བརྒྱ་ཆ་༣༣ ཡན་དགོས་པའི་ཆ་རྐྱེན་དེ་ཕྱིར་འཐེན་བྱས་ཡོད་པ་རེད།
དེ་བཞིན་འོས་ཤོག་གྲངས་བཤེར་བྱེད་པའི་སྐབས་ཟུར་དཔང་དུ་ཆོལ་ཁ་དང་ཆོས་བརྒྱུད་སོ་སོ་ནས་སྤྱི་འཐུས་རེ་ཟུར་དཔང་དུ་འགྲོ་བཞིན་ཡོད་པ་དང་། ད་ལན་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་ནས། ཟུར་དུ་ཆོལ་ཁ་དང་ཆོས་བརྒྱུད་སོ་སོ་ནས་ཟུར་དཔང་དུ་སྤྱི་འཐུས་མ་ཡིན་པ་རེ་རེ་སྤྱི་འཐུས་རྒྱུན་ལས་ལས་བསྐོ་གཞག་བྱེད་དགོས་པ་བཟོས་ཡོད།
ད་དུང་ས་གནས་སོ་སོ་ནས་འོས་ཤོག་གྲངས་བཤེར་ཟིན་ནས་ཆུ་ཚོད་༢༥ ནང་ཚུན་ཁྱབ་བསྒྲགས་བྱེད་དགོས་པའི་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་ཡོད་པ་རེད།།