༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས།
ཟླ་འདིའི་ཚེས་༢༤ ཕྱི་དྲོ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཉིན་མཐའ་མའི་མཇུག་བསྡོམས་སྐབས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད། གསར་འགོད་གསལ་བསྒྲགས་དེའི་སྐབས་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་ཆེ་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ། ཤར་བྱང་ཆོས་རྗེ་རྣམ་གཉིས། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། སྟག་ལུང་མ་སྤྲུལ་རིན་པོ་ཆེ། མཚོ་སྣ་རིན་པོ་ཆེ། ལོ་ཆེན་རིན་པོ་ཆེ། བཀའ་ཁྲི་ཟུར་པ་གཟམ་གདོང་རིན་པོ་ཆེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། རྣམ་གྲྭ་མཁན་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཞོན་མཁན་པ་བསོད་ནམས་བསྟན་འཕེལ། ཆོས་བརྒྱུད་སྤྱི་འཐུས་རྣམ་པ་བཅས་ཕེབས་ཡོད་པ་རེད། ཐེངས་འདིའི་ཆོས་ཚོགས་ནི་ཉིན་གསུམ་རིང་དྷ་སར་འཚོགས་པ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་བླ་ཆེན་རྣམ་པའི་སྐུ་ཚབ་ཁག་གཅིག་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་ཡིན་པ་དང་། ཚོགས་འདུ་དེའི་རིང་གནད་དོན་མང་པོ་ཞིག་གི་ཐོག་ཉིན་གསུམ་རིང་སངས་རྒྱས་བསྟན་པ་སྤྱི་དང་བྱེ་བྲག་བོད་བརྒྱུད་སངས་རྒྱས་ཆོས་ལུགས་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་བྱེད་ཕྱོགས་སྐོར་ལ། བགྲོ་གླེང་དང་གོ་བསྡུར་གནང་སྟེ། གྲོས་གཞི་གྲོས་ཆོད་ཁག་ཅིག་ཀྱང་གཏན་འབེབས་བྱུང་ཡོད་པ་རེད།
དེ་བཞིན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་དང་ལྷན་འབྱུང་འགྱུར་༧གོང་ས་མཆོག་གི་ཡང་སྲིད་དང་ཏཱ་ལའི་བླ་མའི་བླ་བྲང་དེ་བཞིན་མུ་མཐུད་གནས་མིན་ཐད་༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༩ ལོ་ཙམ་ནས་འབྱུང་འགྱུར་༧གོང་ས་མཆོག་གི་ཡང་སྤྲུལ་བྱུང་མིན་ནི་བོད་མི་ཚོས་ཐག་ཆོད་བྱེད་རྒྱུ་ཞིག་རེད་ཅེས་བཀའ་བསྩལ་བའི་གནད་དོན་ཐོག་བཀའ་བསྡུར་གནང་བ་ཡོད་པ་རེད། མཐར་༧གོང་ས་མཆོག་གིས་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་སྐྱེ་འགྲོ་ཡོངས་ལ་བསྩལ་བའི་བཀའ་ཡིག་གི་ནང་དུ་འཁོད་དོན། “ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཞེས་འཁོད་ཡོད་པ་རེད། །
{jcomments on}