གནམ་གྲུ་བརྡབ་སྐྱོན་ཁྲོད་མི་༡༩ ཤི་འདུག

དེ་ཡང་བལ་ཡུལ་རྒྱལ་ནང་གི་ Buddha Air གནམ་གྲུ་ལས་ཁུངས་ཀྱི་གནམ་གྲུ་ཆུང་བ་ཞིག་གི་ནང་ཡུལ་སྐོར་བ་གཙོས་བསྡོམས་པས་མི་གྲངས་ ༡༩ ཡོད་པ། གངས་རི་ཇོ་མོ་གླང་མའི་མཁའ་དབྱིངས་ལྗོངས་རྒྱུ་ལ་འཕུར་ནས་ཕྱིར་ལོག་སྐབས། གནམ་གཤིས་ཡག་པོ་མེད་རྐྱེན་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པར་ Lalitpur རྫོང་ཁོངས་རི་ཁུལ་ཞིག་ཏུ་བརྡབ་སྐྱོན་བྱུང་ནས། མི་གྲངས་ ༡༨ དེ་མ་ཐག་རྐྱེན་འདས་སུ་སོང་བ་དང་གཅིག་སྨན་ཁང་ནས་མྱུར་སྐྱོབ་སྐབས་རྐྱེན་འདས་སུ་སོང་ཡོད་འདུག།

བརྡབ་སྐྱོན་བྱུང་ཡུལ་ནས་ཡུལ་མི་ཚོས་མཐོང་བ་ལྟར་ན། བརྡབ་སྐྱོན་མ་བྱུང་བའི་སྔོན་གནམ་གྲུའི་མཇུག་ནས་མེ་འབར་ཡོད་པ་དང་། བལ་ཡུལ་གྱི་དྲག་ཆས་ཉེན་རྟོག་པ་དང་དམག་གིས་མྱུར་སྐྱོབ་བྱས་ནས་རྐྱེན་འདས་སུ་སོང་བ་ཡོངས་ཀྱི་ཕུང་པོ་ཆ་ཚང་རྙེད་སོན་བྱུང་འདུག།

གནམ་གྲུ་ལས་ཁུངས་ནས་བརྗོད་ན། གནམ་གྲུ་དེའི་ནང་རྒྱ་གར་ཡུལ་སྐོར་བ་མི་གྲངས་༡༠ དང་། ཨ་རིའི་ཡུལ་སྐོར་མི་གྲངས་གཉིས། ཉི་ཧོང་བ་གཅིག། དེ་བཞིན་གནམ་གྲུའི་ཁ་ལོ་བ་དང་ལས་རོགས་ད་དུང་མཁའ་བསྐྱོད་ཞབས་ཞུ་མ་བཅས་བལ་ཡུལ་གྱི་མི་སེར་དྲུག་དང་བསྡོམས་པས་མི་གྲངས་ ༡༩ ཡོད་པ་རེད་འདུག།
Buddha Air གནམ་གྲུ་ལས་ཁུངས་ནི་ཕྱི་ལོ་ ༡༩༩༦ ལོར་བལ་ཡུལ་ལ་གསར་དུ་བཙུགས་པ་ནས་རིམ་པས་བལ་ཡུལ་ནང་ཁུལ་གྱི་གནམ་གྲུའི་ལས་ཁུངས་ཡག་ཤོས་ལ་བརྩི་བཞིན་པ་དང་། ད་བར་བརྡབ་སྐྱོན་བྱུང་བ་ཐོག་མ་དེ་ཡིན་པ་རེད།

ཉིན་དེར་ད་དུང་བལ་ཡུལ་ནས་རྒྱ་གར་ལ་འཕུར་བསྐྱོད་བྱེད་མཁན་ SpiceJet གནམ་གྲུ་ལ་འབར་རྫས་ཡོད་པའི་དཀྲོགས་གཏམ་བྱུང་བ་དང་། དེར་བརྟེན་ཆུ་ཚོད་ཁ་ཤས་རིང་གནམ་ཐང་གི་འགྲུལ་ལམ་ཡོངས་སུ་བཀག་ནས་བཙལ་འཚོལ་བྱས་ཀྱང་གང་ཡང་ལག་སོན་བྱུང་མེད་པ་རེད།