ཀིརྟི་དགོན་པར་གྲྭ་པ་གཉིས་ཀྱི་རང་ལུས་མེར་བསྲེག

དེ་ཡང་ཐེངས་འདིའི་གྲོས་ཚོགས་ཐོག་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་སུ་སྙན་སེང་ཞུས་དོན་ལྟ་ན།  དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ ཙམ་ལ་རྔ་པ་ཀིརྟི་དགོན་པར་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེག་གཏོང་མཁན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་ཚ་བོ་གྲྭ་བློ་བཟང་སྐལ་བཟང་ལགས་དང་། གཞན་དགེ་འདུན་པ་བློ་བཟང་དཀོན་མཆོག་ཞུ་བ་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། བདེ་སྐྱིད་རྩ་བ་ནས་སྤྲོད་ཀྱི་མེད་པར་ངོ་རྒོལ་གནང་ཡོད་པ་རེད།

གོང་གསལ་གཞོན་སྐྱེས་དགེ་འདུན་པ་ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བར་བརྟེན།  ད་ལྟའི་ཆར་རྔ་པ་ཀིརྟི་དགོན་པར་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་།  དོན་རྐྱེན་དེ་བྱུང་མ་ཐག་ཁོང་གཉིས་སྨན་ཁང་དུ་ཁྲིད་ཡོད་ཀྱང་། དགེ་འདུན་པ་གཅིག་འདས་གྲོངས་སུ་གྱུར་ཡོད་འདུག དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རང་ལོ་ ༡༤ ཡིན་པ་དང་།  དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་རང་ལོ་ ༡༨ ཡིན་འདུག །

གནས་ཚུལ་མཁོ་སྤྲོད་པས་གནས་འགྲེལ་བརྗོད་གནང་དོན་ལྟར་ན། ཁོང་གཉིས་ཀྱིས་དེ་ལྟར་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་ལོ་མང་པོའི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ནོར་འཁྲུལ་ལས་བྱུང་བ་སྨོས་མེད་དང་། བྱེ་བྲག་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པ་ནས་བཟུང་ད་བར་རྔ་པའི་ས་གནས་ཡོངས་ལ་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱས་པ་དང་། ལྷག་པར་དུ་ཀིརྟི་དགོན་པའི་གྲྭ་པ་རྣམས་ཟླ་བ་ལྔ་ལྷག་རིང་དགོན་པའི་ལྕགས་རིའི་ཕྱི་ལ་ཐོན་མ་བཅུག་པར་བཙོན་པ་དང་གཅིག་མཚུངས་ཀྱིས་བཀག་སྡོམ་བྱས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ནས་གྲྭ་པ་བརྒྱ་ཕྲག་མང་པོ་དགོན་པའི་ནང་ནས་ཕྱིར་ཕུད་བཏང་ཞིང་། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་ལ་འབྲེལ་བ་ཡོད་པར་བསྙོན་འཛུགས་བྱས་ཏེ་མི་གསོད་ལག་དམར་དང་། མི་གསོད་ལག་དམར་གྱི་ལག་རོགས་ཀྱི་ཉེས་མིག་གཡོགས་ནས་ལོ་མང་པོའི་ཁྲིམས་ཐག་བཅད་པ་སོགས་བཟོད་ཐབས་བྲལ་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་མ་ཟད། རྔ་པ་ཀིརྟི་དགོན་པའི་ནང་ལ་ད་ལྟ་ད་དུང་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་མང་པོ་ཉིན་མཚན་གཉིས་ཀར་བསྡད་ནས་སུན་གཙེར་བཟོ་བཞིན་ཡོད་འདུག །

{jcomments on}