ལྷོ་ཕྱོགས་ཀྱི་དང་བླངས་ལས་འགུལ་བ་རྣམས་དྷ་སར་འབྱོར་བ།
དང་བླངས་ལས་འགུལ་བ་དེ་དག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྱོར་ནས། དྷ་ས་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཀྱི་གཙོས་དྷ་སའི་ས་གནས་མི་མང་གིས་སྣེ་ལེན་ཞུས་ཡོད་པ་དང། ཁོང་ཚོའི་གྲོང་ཁྱེར་ཆེ་ཁག་ནང་ཟས་བཅད་ངོ་རྒོལ། རྔམ་སྟོན་ཁྲོམ་སྐོར། གསར་འགོད་གསལ་བསྒྲགས་སོགས་བོད་ནང་གི་གནས་བབ་ངོ་སྤྲོད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
དྷ་སར་འབྱོར་བ་དང་། ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། དེ་བཞིན་དབུས་གཞོན་ནུ་དང་བུད་མེད་ལྷན་ཚོགས། དེ་བཞིན་ཚོགས་སྡེ་དང་མི་སྒེར་བཅས་ནས་མཇལ་དར་བསྒྲོན་ཡོད་པ་རེད། དྷ་ས་ས་གནས་འགོ་འཛིན་དང་དབུས་གཞོན་ནུའི་དྲུང་ཆེ་གཉིས་ནས་ལས་འགུལ་བ་ཚོས་དང་བླངས་ངང་ལས་འགུལ་སྤེལ་དགོས་དོན་སྐོར་གསུངས་སོང་ལ། ལས་འགུལ་བ་གྲྭ་བློ་བཟང་སྦྱིན་པས་སང་ཉིན་ནས་བཟུང་ཉིན་གསུམ་རིང་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན། དེའི་སྐབས་མི་མང་གང་མང་མང་མཉམ་ཞུགས་གནང་རོགས་ཅེས་འབོད་སྐུལ་གནང་སོང་།
འདི་གའི་གསར་འགོད་པས་ལས་འགུལ་བ་རྣམས་ལམ་ན་དཀའ་ཚེགས་ཇི་བྱུང་སྐོར་ལས་འགུལ་བློ་བཟང་སྦྱིན་པ་ལགས་སུ་དྲིས་པར། ཁོང་གིས། ལམ་དུ་དམིགས་བསལ་དཀའ་ངལ་མ་བྱུང་ཡང་། ཅཱན་དྷི་གྷར་དུ་སླེབས་སྐབས་ཀྱི་ས་མཚམས་ནས་ཉེན་རྟོག་པས་ཏོག་ཙམ་བཀག་བྱུང་། དེའི་སྐབས་ང་ཚོས་བོད་ནང་ལ་དཀའ་སྡུག་བྱུང་བ་དེ་ཚོ་འཛམ་གླིང་མི་མང་གི་མཁྱེན་རྟོགས་ཆེད་ཡིན་ཞེས་བཤད་པར་བརྟེན། ང་ཚོ་བཏང་སོང་། སྤྱིར་བཏང་དཀའ་ངལ་མང་པོ་རེད། གནས་ཡུལ་རྒྱལ་ཁབ་ཀྱི་སྐད་མི་ཤེས་པ་དང་ལས་འགུལ་སྤེལ་བར་ཆོག་མཆན་མེད་པ་སོགས་ཀྱིས་དཀའ་ངལ་མང་པོ་རེད་ཅེས་དང་། ཡང་ལས་འགུལ་གྱི་ཕན་རླབས་སྐོར་ལ་ཁོང་གིས་གསུང་དོན། རྒྱ་གར་གྱི་གྲོང་ཁྱེར་མང་པོའི་ནང་ལས་འགུལ་སྤེལ་བར་བརྟེན། རྒྱལ་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་སོགས་ལ་ཁྱབ་བསྒྲགས་ཀྱི་ཕན་ནུས་བྱུང་སོང་། ད་དུང་ལས་འགུལ་སྤེལ་མཁན་ཚོགས་པ་འདྲ་ཡོད་ན་ང་ཚོ་འགྲོ་ཆོག་ཆོག་ཡིན་ཞེས་གསུངས་སོང་།