གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར།
ཟླ་འདིའི་ཚེས་༢༦ ཉིན་བོད་མདོ་སྨད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་སྐུ་ལུས་མེར་བསྲེག་བཏང་བ་དེར་གདུང་སེམས་མཉམ་བསྐྱེད་ཆེད་ཉིན་དེའི་ཕྱི་དྲོ་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་སོང་། སྐབས་དེར་དྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་དྲན་རྟེན་རྡོ་རིང་གི་མདུན་ཐང་དུ་འདུ་འཛོམས་པ་དང་། དབུས་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་དང་། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་གཉིས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང།
ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས། མར་མེ་ཁྲོམ་སྐོར་གྱི་ལས་འགུལ་འདི་བརྒྱུད་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་གྲྭ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱི་སྐུ་ལུས་མཆོད་མེར་ཕུལ་བ་དེ་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང། མུ་མཐུད་རིམ་པས་ལས་འགུལ་སྤེལ་རྒྱུ་ཡིན་”ཞེས་གསུངས་སོང་།
ཉིན་དེར་བཀའ་ཤག་གིས་གསལ་འགོད་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། དེ་རིང་སྔ་དྲོ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པར་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་ཧ་ཅང་བློ་ཕམ་བྱུང། བཀའ་ཤག་གིས་དགེ་འདུན་པ་གཉིས་པོའི་ནང་མི་སྤུན་མཆེད་ཚོར་སེམས་གསོ་དང་སྨོན་ལམ་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་མཁན་དགེ་འདུན་པ་གཉིས་པོ་ནི་རང་ལོ་ ༡༨ ལ་སོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་རང་ལོ་ ༡༨ སོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ཞུ་བ་གཉིས་ཡིན་འདུག སྐབས་དེར་མིག་མཐོང་ལག་ཟིན་བྱུང་བ་ཚོས་བརྗོད་པར་གཞིགས་ན་དོན་རྐྱེན་བྱུང་མ་ཐག་དགེ་འདུན་པ་གཉིས་ཀ་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མིས་འཁྱེར་ཡོད་པ་དང། རང་ལུས་མེར་སྲེག་འོག་ཁོང་གཉིས་ཀྱི་གནས་སྟངས་ཇི་འདྲ་ཡིན་ད་ལྟའི་ཆར་ངེས་གཏན་གྱི་གནས་ཚུལ་ཤེས་པར་དཀའ། ཁོང་གཉིས་ནས་དགེ་འདུན་བློ་བཟང་སྐལ་བཟང་ལགས་ནི་འདི་ལོ་ཕྱི་ཟླ་ ༣ ནང་རང་ལུས་མེར་སྲེག་གཏོང་མཁན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་ཚ་བོ་ཡིན་པ་དང་། ད་ལྟའི་ཆར་ཀིརྟི་དགོན་པར་རྒྱ་མིའི་དྲག་ཆས་ཉེན་རྟོག་མི་སྣས་སླར་ཡང་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག
ཉེ་ལམ་བོད་ནང་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་ལྟར་སྤེལ་བཞིན་པ་དེས་བོད་མི་ཚོ་དཀའ་ངལ་གྱི་གནས་སྟངས་ཇི་འདྲ་ཞིག་གི་འོག་ནས་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཐུབ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་བོད་མི་ཚོའི་དཀའ་ངལ་འཕྲལ་དུ་ཞི་བའི་ཐོག་ནས་སེལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད་ཅེས་སོགས་འཁོད་ཡོད།
དེ་བཞིན་ཉིན་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་བོད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་དེར་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་མ་ཐག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། དེ་རིང་སྔ་དྲོ་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལ་གཞིགས་ན། རྔ་པ་རྫོང་གི་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༡༨ སོན་པ་གཉིས་ཀྱིས་རྔ་པའི་ཁྲོམ་གཞུང་དུ་རང་ལུས་མེར་སྲེག་བཏང་ཡོད། དགེ་འདུན་པ་ཁོང་གཉིས་རྨེའུ་རུ་མའི་གྲོང་ཚོ་གཉིས་པ་ནས་ཡིན་འདུག
ཕ་བཀྲིས་བུ་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་། ཕ་ཚེ་དགའི་བུ་དགེ་འདུན་པ་བློ་བཟང་དཀོན་མཆོག་ཞུ་བ་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་ད་ལྟ་དགོན་སྡེ་ཁག་གི་ནང་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ་དེར་ངོ་རྒོལ་སྐད་འབོད་གནང་མཐར་རང་ལུས་མེར་སྲེག་བཏང་ཡོད། དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་ནི་འདི་ལོའི་ཕྱི་ཟླ་ ༣ ནང་བོད་མི་རིགས་ཀྱི་དོན་དུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱི་ཚ་བོ་དང་ཤག་ཚང་གཅིག་པ་ཡིན་འདུག གནས་ཚུལ་འབྱོར་བར་གཞིགས་ན་དགེ་འདུན་པ་གཅིག་འདས་གྲོངས་སུ་གྱུར་ཟིན་འདུག རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མིན་པའི་སྲིད་བྱུས་འཛིན་བཞིན་པ་དེའི་འོག་དགེ་འདུན་པ་མང་པོས་ངོ་རྒོལ་གནང་སྟེ་ཚེ་སྲོག་ཤོར་བཞིན་པའི་གནས་སྟངས་དེར་བློ་ཕམ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ཅེས་ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚུགས་བཞིན་པའི་སྐབས་འདིར་བརྗོད་རྒྱུ་ཡིན། ཕྱི་ལོ་ ༢༠༠༨ ལོ་ནས་ཀི་རྟི་དགོན་པའི་ནང་རྒྱ་ནག་གཞུང་གིས་དགེ་འདུན་པ་ཚོར་དམ་བསྒྲགས་འོག་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་བཙན་ཐབས་བྱེད་བཞིན་པ་དང། ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་རྩད་གཅོད་བྱེད་བཞིན་པ་ལྷག་པར་འདས་པའི་ཟླ་བ་ ༨ །༩ ནང་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་པའི་ཉེར་ལེན་ལ་བརྟེན་ནས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་འདི་རིགས་མ་སྤེལ་ཐབས་མེད་ཆགས་པ་ཞིག་ཡིན་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཕྱོགས་མཚུང་རྨས་སྐྱོན་བྱུང་བའི་དགེ་འདུན་པ་ཁོང་མྱུར་དུ་དྲག་སྐྱེད་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་འཛིན་པ་ཚོར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བསྐྱར་དུ་བསམ་ཞིབ་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་ཐེངས་འདིའི་དོན་རྐྱེན་དེའི་འགན་འཁྲི་རྒྱ་ནག་གཞུང་ལ་ཡོད་པ་ར་སྤྲོད་གནང་དགོས།།