དགུ་བཅུ་གསུམ་ཚོགས་པ་ལོ་༢༠ འཁོར་བའི་དུས་དྲན།

 

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་དང་། ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དུས་དྲན་གྱི་གཏམ་བཤད་སྒྲོགས་སྦྱང་གནང་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ནས་དུས་དྲན་འབྲེལ་བའི་བཀའ་སློབ་གནང་ཡོད་པ་རེད།
རྒྱ་གཞུང་གི་བཙོན་ཁང་དུ་དཀའ་སྡུག་མྱོང་བའི་ཆབ་སྲིད་བཙོན་པ་ཁག་གཅིག་ལ་གཟེངས་རྟགས་དང་། དེ་བཞིན་ཚོགས་པར་ལས་དོན་ལ་གྲུབ་འབྲས་ཐོན་པའི་མི་སྣ་ཁག་གཅིག་ལ་གཟེངས་བསྟོད་ཕྱག་ཁྱེར་གནང་བ་དང། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གསར་དུ་དཔར་སྐྲུན་བྱས་པའི་དེབ་གསུམ་དབུ་འབྱེད་བྱས་སོང་།

ཉིན་དེའི་ཚོགས་པའི་གཏམ་བཤད་ནང་འཁོད་དོན། “༢༠༠༨ ལོར་རྒྱ་གཞུང་གིས་བོད་ནང་ཁྲོམ་སྐོར་བྱེད་མཁན་གོ་མཚོན་ལྗིད་པོའི་རིགས་དང་དུག་རླངས་སོགས་བཏང་སྟེ། ཉི་མ་ཁ་དཀར་ངོ་དཀར་ལ་མི་གྲངས་༢༢༨ ལྷག་དམར་གསོད་བཏང་བའི་ནང་(ཐ་ན་མི་༣༠ ཙམ་ཞིག་གི་ཕུང་པོ་མ་གཏོགས་ནང་མིར་ལག་སོན་བྱུང་མེད) རང་དབང་ལྡན་པའི་བརྒྱུད་ལམ་ཁག་གིས་ལོ་དེར་བོད་རིགས་ཁྲོམ་སྐོར་བ་ཉུང་མཐར་མི་གྲངས་༣༠༠ ལྷག་བསད་པར་ཚོད་རྩིས་བྱས་ཡོད། ལོ་དེ་ནས་བཟུང་མི་གྲངས་༩༩༠ ལྷག་གར་སོང་ཆ་མེད་དུ་གྱུར་པ་དང་། ད་ལྟའི་ཆར་བརྒྱུད་ལམ་མང་པོས་བཙོན་ཁང་ནང་ཡོད་བསྡད་པའི་བོད་ཀྱི་ཆབ་སྲིད་བཙོན་པ༨༢༤ ཙམ་ཡོད་པར་བཤད། ངེད་ཚོགས་པས་གཅིག་སྟོང་ལྷག་ཅིག་ཡོད་པར་ཚོད་རྩིས་བྱེད་ཀྱི་ཡོད་”ཅེས་དང་། “མ་གཞི་ཆབ་སྲིད་བཙོན་པ་ནི་རང་འགུལ་གྱི་རྩོལ་བ་དང་དུ་ལེན་མཁན་ཞིག་ཡིན་མོད། དེ་རིང་བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་གཞན་དབང་སྟབས་བསྟུན་ཞིག་སྟེ། སུ་ཞིག་གིས་ཁྱེད་ཆབ་སྲིད་བཙོན་པ་རེད་ཅེས་ཉེས་འཛུག་མ་བྱས་པར། མི་རྣམས་ཀྱིས་ཁོང་ག་འདྲ་བྱས་ནས་ཆབ་སྲིད་ཀྱི་བཙོན་པ་ཆགས་སོང་བའང་མི་ཤེས་པའི་ཚད་ཡིན། དེ་འདྲར་སོང་། བཙོན་པའི་རྣམ་གྲངས་ལ་དབྱེ་ན། ཆོས་ཡག་པོ་གསུང་མཁན་གྱི་བླ་མ་ཞིག་ཡིན་ན་ཆབ་སྲིད་བཙོན་པ་ཆགས་འགྲོ་ལ། དེའི་དཔེ་མཚོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡིན། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། ཚོང་པ་ལམ་འགྲོ་རྒྱུག་མཁན་ཞིག་ཡིན་ན་ཆབ་སྲིད་བཙོན་པ་ཆགས་འགྲོ་ལ། དེའི་དཔེ་མཚོན་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཡིན་པ་དང་། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད།

guchusem_27_9_2011སོ་སོའི་ས་ཐོག་གི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་ན་ཆབ་སྲིད་བཙོན་པ་ཆགས་འགྲོ་ལ། དེའི་དཔེ་མཚོན་ཀརྨ་བསམ་གྲུབ་ཡིན། ཁོང་ལ་ལོ་༡༥ ཁྲིམས་ཐག་བཅད་ཡོད་པ་རེད། དགོན་པའི་མགོ་རྔར་ལྟ་མཁན་མི་གྲུང་པོ་ཞིག་ཡིན་ན་ཆབ་སྲིད་བཙོན་པ་ཆགས་འགྲོ་ལ། དེའི་དཔེ་མཚོན་བླ་བྲང་གི་གྲྭ་འཇིགས་མེད་མགོ་རིལ་ཡིན་པ་དང་ཁོང་ཉིས་སྟོང་བརྒྱད་ཚུན་ནས་ཐེངས་བཞིར་བཀག་སྐྱིལ་བྱས་ཤིང་། ཉེ་ཆར་སླར་ཡང་འཛིན་བཟུང་གི་གར་སོང་ཆ་མེད་ཆགས་ཡོད། དཔེ་དེ་བཞིན་། དེབ་བྲིས་ན་ཆབ་སྲིད་བཙོན་པ་ཆགས་པ་ཧ་ཅང་མང་ཞིང་། དཔེ་མཚོན་ཙམ་དྲངས་ན། སྒྲོལ་མ་སྐྱབས། ནོར་འཛིན་དབང་མོ། ཞོགས་དུང་། ཀུན་དགའ་ཚང་དབྱངས། ཐེའུ་རང་བཅས་རེད། སྒྲོལ་མ་སྐྱབས་ལ་ལོ་༡༠ བཙོན་ཐག་བཅད་ཡོད་པ་དང་། ནོར་འཛིན་དབང་མོར་ལོ་༥ བཙོན་ཐག་བཅད་ཡོད། ད་དུང་གཞས་གཏོང་ན་ཆབ་སྲིད་བཙོན་པ་ཆགས་པ་བཀྲ་ཤིས་རབ་བརྟན། བཀྲ་ཤིས་དོན་གྲུབ་སོགས་ཡོད། མང་ཚོགས་ཀྱི་བསམ་ཚུལ་སྒྲ་འཇུག་བྱས་ནའང་ཆབ་སྲིད་བཙོན་པ་ཆགས་ལ། དེ་དཔེ་མཚོན་ནི་དོན་གྲུབ་དབང་ཆེན་ཡིན། ཁོང་ལ་ལོ་༦གི་བཙོན་ཐག་བཅད་ཡོད། རོབ་རྩིས་བྱས་པ་ལྟར་ན་ཉིས་སྟོང་བརྒྱད་ནས་བོད་ཀྱི་སྒྱུ་རྩལ་ལས་རིགས་པ་༦༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། དུས་ངན་འདིར་བོད་རིགས་སློབ་མས་ཀ་ཁ་སྦྱོང་ན་ཆབ་སྲིད་བཙོན་པ་ཆགས་གྲབས་ཡོད་པ་དང་། ཇ་ཁ་ཆང་ཁ་ནས་ཁ་ཤགས་བཤད་ནའང་ཆབ་སྲིད་བཙོན་པ་ཆགས་མྱོང་ལ། གོ་ཚོད་ལ་དེ་རིང་ཁ་སང་གྲྭ་པས་དགོན་པར་དཔེ་ཆ་ཀློག་བསྡད་ན་ཆབ་སྲིད་ཉེས་ཅན་པར་འགྱུར་ཉེན་དང་། དེ་ལས་གྲྭ་པ་ལོག་ན་སྒོར་མོ་སྤྲོད་རྒྱུ་ཡིན་ཟེར་བའི་སྒྲུང་ཡང་གོ་རྒྱུ་འདུག དེ་ལྟར་ལས་རིགས་གང་གི་ནང་དུའང་བོད་མི་ཞིག་མགོ་འབུར་ཙམ་བྱེད་ས་མེད་པ་དང་། ད་ལྟའི་སྐབས་འདིར་ཆབ་སྲིད་བཙོན་པ་མི་ཆགས་སའི་གནས་གཅིག་རང་གཅིག་ཡོད་པ་ནི། ནང་མ་སྤྲོ་སྐྱིད་ཁང་དག་གི་ནང་ནས། བག་མེད་ལོངས་སྤྱོད་ལ་རོལ་བསྡད་ན་བཙོན་པ་ཆགས་ཀྱིན་མེད་མོད། མ་འོངས་པར་གནས་དེ་ནས་ཀྱང་བཤད་ཁག་ཚོད་ཡིན་”ཞེས་སོགས་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་པའི་སྐོར་འཁོད་ཡོད་པ་རེད།

དགུང་བཅུ་གསུམ་ཚོགས་པའི་ལས་འཆར་ཁག་ཅིག་ཡོད་པ་ངོ་སྤྲོད་གནང་དོན། བོད་ནང་དང་རྒྱལ་སྤྱིའི་ཐོག  ༡ འདི་ནས་ཆབ་སྲིད་བཙོན་པའི་གནས་སྟངས་ལ་ཞིབ་འཇུག་དང་། བཙོན་པར་གཅར་རྡུང་གཏོང་མཁན་གྱི་ཉེན་རྟོག་པ་དང་། དམག་མི། ཡང་ན་སྡེ་ཚན་གང་རུང་གི་འགོ་བྱེད་སོགས་འབྲེལ་ཡོད་རྣམས་བརྩད་ཞིབ་ཀྱིས། རྒྱལ་སྤྱིའི་ཉེན་རྟོག་རྩ་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པར་བརྒྱུད་སྤྲོད་གནང་རྒྱུ་ཡིན་པ་མ་ཟད། འདི་ག་ཚོགས་པས་མིང་གཞུང་དེ་དག་གལ་ཆེའི་ཡིག་ཆར་ཉར་ཚགས་བྱེད་རྒྱུ་ཡིན།
༢  རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་གི་ནང་བོད་དོན་ལ་ལྟ་ཞིབ་བྱེད་མཁན་གྱི་ལས་བྱེད་རེ་བཀོད་འཛུགས་བྱེད་རྒྱུར་རྒྱལ་ཁོངས་སོ་སོར་རེ་སྐུལ་བྱ་རྒྱུ།
༣  མ་འོངས་པར་བོད་ནང་དོན་རྐྱེན་ཆེན་པོ་བྱུང་སྟེ། ཆབ་སྲིད་བཙོན་པ་གཙོས་བོད་མི་རྣམས་སྐྱབས་བཅོལ་ལ་འགྲོ་དགོས་ཕྱིན་བལ་ཡུལ་དང་། རྒྱ་གར་ཙམ་མ་ཡིན་པར་བོད་ཀྱི་ཁད་ཉེ་རྒྱལ་ཁབ་གཞན་དག་ནང་བྲོས་བྱོལ་ལ་འགྲོ་སའི་ལམ་ཁའང་འཚོལ་ཞིབ་ཐུབ་མིན་ལྟ་རྒྱུ།
༤  འདི་ནས་བོད་ནང་གི་བཙོན་པར་ཐད་ཀར་ཕན་ཐོགས་པའི་རོགས་རམ་བྱེད་དཀའ་ཡང་། བཙོན་པ་རྣམས་ཀྱི་མིང་གཞུང་འཚོལ་བསྡུས་ཀྱིས། བོད་ནང་གི་འབྲེལ་ཡོད་མི་སྣ་རྣམས་ལ་བཏང་སྟེ། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཧུར་ལེན་བྱེད་མཁན་རྣམས། སྤྱི་ཚོགས་ཐོག་རྒྱབ་བཅད་དཔུང་ཡལ་དུ་མ་ལྷགས་པ་ཞིག་དགོས་པའི་འབོད་བསྐུལ་ཞུ་རྒྱུ།
༥ བོད་ནང་དྲག་གནོན་བྱེད་མཁན་གྱི་རྒྱ་དཔོན་ཞི་དྲག་རྣམས་དང་། ཁྱད་པར་དུ་བཙོན་པར་མནར་གཅོད་དང་མི་མང་དྲག་གནོན་བྱེད་མཁན་གྱི་དོ་བདག་རང་ཉིད་དང་། ནང་མི་བུ་ཕྲུག་རྣམས་བརྩད་ཞིབ་ཀྱིས་དེ་དག་གི་མིང་གཞུང་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁང་ལ་བཏང་སྟེ། ཁོང་ཚོ་ཕྱི་བསྐྱོད་ཐོངས་མཆན་སོགས་སྤྲོད་རྒྱུར་བཀག་འགོག་དགོས་པའི་རེ་བསྐུལ་བྱ་རྒྱུ།
༦ ད་ཡོད་རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་བཙོན་པར་རོགས་སྐྱོར་བྱེད་མཁན་གྱི་འབྲེལ་ཡོད་སྡེ་ཚན་ཁག་ལ་འབྲེལ་བ་དམ་ཟབ་བཟུང་སྟེ། བཙོན་པ་གློད་གྲོལ་གྱིས་མཚོན་པའི་དྲིལ་བསྒྲགས་ལས་རིགས་ཐོག་འདི་ནས་སྔར་མུས་བཞིན་འབད་བཙོན་བྱ་རྒྱུ།
བཙན་བྱོལ་ནང་དུ་ལས་འཆར་ཁག་ཅིག་ཡོད་པ། ༡ རྒྱ་གར་གཞུང་ལ་བོད་ནས་བཙོན་ཟུར་བྲོས་ཡོང་མཁན་ཚོར་ཆབ་སྲིད་སྐྱབས་བཅོལ་པར་ངེས་བཞེས་དགོས་པའི་རེ་བསྐུལ་ཞུ་རྒྱུ།
༢ བོད་གཞུང་གི་སློབ་གྲྭ་ཁག་དང་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་བཅས་སུ། བོད་གཞུང་བདེ་སྲུང་ལྷན་ཁང་དང་། འདི་ག་ཚོགས་པ་ཐུན་མོང་གིས་བཙོན་ཟུར་ལ་ངོས་བཞེས་ཡོད་པའི་ཕ་མ་གང་རུང་གི་ཕྲུ་གུ་ཡིན་ཕྱིན། སློབ་ཡོན་སོགས་གོ་སྐབས་གང་ཡོད་དམིགས་བསལ་དགོས་པའི་རེ་བསྐུལ་བྱ་རྒྱུ།
༣ བཙོན་ཟུར་དོ་བདག་སོ་སོ་སློབ་སྦྱོང་བྱེད་འདུན་ཡོད་ཕྱིན་ཤེས་རབ་དགའ་ཚལ་སློབ་གྲྭ་སོགས་ཀྱི་ནང་སྐབས་བསྟུན་འཛུལ་ཞུགས་ཆོག་པ་དང་། ལོ་དུས་རྒྱས་བཅད་མེད་པར་སློབ་སྦྱོང་གི་གོ་སྐབས་དགོས་པའི་རེ་འདུན་ཞུ་རྒྱུ།
༤ རང་གཞུང་གི་སྐུ་ཚབ་དོན་གཅོད་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་འབྲེལ་མཐུད་ཀྱིས། བཙོན་ཟུར་རྣམས་ཀྱི་ནང་མིའི་དཀའ་ངལ་སེལ་ཆེད། ཕྱི་རྒྱལ་ནས་ཞོར་ལས་ཀྱི་གོ་སྐབས་འཚོལ་རོགསཞེས་འབོད་བསྐུལ་ཞུ་རྒྱུ།
༥ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་འགྲོ་འདོད་ཡོད་རིགས་ཀྱི་བཙོན་པ་རྣམས་ལ་བོད་གཞུང་གིས་གཞིས་ཆགས་ཁུངས་སུ་འཇུག་དགོས་པའི་རེ་བསྐུལ་ཞུ་རྒྱུ།
༦ དེ་བཞིན་ངེད་ཚོགས་པའི་ད་དཔར་སྤེལ་མུས་ཀྱི་ལས་དོན་ཁག་མུ་མཐུད་སྤེལ་རྒྱུ་དང་། ཚོགས་པའི་གཏམ་བརྗོད་དང་འགྲེམ་སྟོན་ཚན་པ་སོགས་གོ་སྒྲིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བསྐྱོད་ཐུབ་མིན་ན་ལའང་འབད་བཙོན་བྱེད་མུས་ཡིན།
༧ ད་བར་ཚོགས་པའི་དྲིལ་བསྒྲགས་དང་། དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དམིགས་འདུག་ཀྱང་། མ་འོངས་པར་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནང་ཤུགས་སྣོན་རྒྱག་རྒྱུ་དང་། དཔལ་འབྱོར་ཡོང་ཁུངས་ཀྱི་ལས་གཞི་ཡང་གཙོ་བོ་ཨི་ཤ་ཡའི་ནང་སྤེལ་རྒྱུ་གཙོ་འདོན་དང་། ཕྱི་རྒྱལ་དུ་ཡོད་པའི་རང་རེའི་ཚོགས་མི་ཁག་གི་ཚོགས་དངུལ་བསྡུ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
༨ འདི་ནས་བཙོན་ཟུར་རྣམས་ཨོ་སི་ཀྲོ་ལའི་ཡར་གཏོང་ཕྱོགས་ཐད། འབྱོར་སྔ་རྗེས་ཀྱིས་གཏོང་རོགས་བྱ་དགོས་པའི་གྲོས་ཆོད་བཞག་སྟེ། བོད་གཞུང་བདེ་སྲུང་ལས་ཁུངས་ལ་རེ་བསྐུལ་ཞུས་གནང་ཡོད་མོད་ཞུས་རྔོ་ཐོགས་པ་བྱུང་མེད་ན། དེ་ལུགས་མུ་མཐུད་རེ་སྐུལ་ཞུ་མུས་ཡིན་སྐོར་བཅས་མཁོད་ཡོད་པ་རེད།
དེ་རྗེས་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་དང་མཛད་སྒོ་གྲོལ་ཡོད་པ་རེད།