རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར།
དེ་ཡང་རྩེད་འགྲན་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་མཆོག་སྤྲུལ་རིན་པོ་ཆེ་དང་ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་གཙོས་མོན་གྷོ་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་ཡོངས་དང་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་བཅས་སྐུ་མགྲོན་རྣམས་ཕེབས་ཡོད་པ་རེད།
རྩེད་འགྲན་པ་རུ་ཁག་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་རྩེད་ཐང་དུ་རྩེད་འགྲན་པ་དང་ལྟད་མོ་བ་བཅས་མི་མང་ཧ་ཅང་ཕོ་ཆེན་མཉམ་འཛོམས་ཐོག་ཐོག བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་རྒྱུ་བླངས་རྗེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་ལ་མྱ་ངན་ངག་བཅད་སྐར་མ་གཅིག་གནང་ཡོད་པ་རེད།
དེ་རྗེས་སྐུ་མགྲོན་གཙོ་བོ་སྐྱབས་རྗེས་ཀུན་བདེ་གླིང་རྟ་ཚག་མཆོག་སྤྲུལ་རིན་པོ་ཆེས་རྩེད་འགྲན་དང་འགྲེལ་བའི་བཀའ་སློབ་ལམ་སྟོན་གནང་དོན། སྤྱིར་ན་བོད་སྤྱིའི་མཚན་མཐོང་དང་ལྷག་པར་དུ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ན་ཡང་དེ་ལ། ཚང་མའི་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་ཀྱི་ཐོག་ནས་སེར་སྐྱ་ཚང་མའི་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་འདི་ལྟར་གོ་སྒྲིག་བྱས་པའི་དགོས་པ་དང་དམིགས་ཡུལ་གཙོ་བོ་རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆེད་ཡིན་པས། རྩེད་འགྲན་འདི་མ་འོངས་པར་ཡང་མུ་མཐུད་ནས་རྒྱ་བསྐྱེད་ཐོག་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འདི་ལྟར་རྩེད་འགྲན་བྱེད་རྒྱུའི་གོ་སྐབས་ཤར་མི་སྲིད་པ་མ་རེད་ལ། དེའི་སྐབས་ལ་ང་ཚོ་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡ་རབ་བཟང་སྤྱོད་ཀྱི་ཐོག་ནས་རྩེད་མོའི་སྒྲིག་གཞི་སྲུང་བརྩི་ཚད་དང་ལྡན་པ་ཞིག་བྱེད་རྒྱུ་ད་ལྟ་ནས་འགོ་འཛུགས་བྱེད་དགོས་པ་གཅིག དེ་ཙམ་དུ་མ་ཟད་ང་ཚོར་ཕྱི་རྒྱལ་བ་ཚོས་རྒྱབ་སྐྱོར་གཙོ་བོ་གཅིག་བོད་མི་རིགས་འདིའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ལ་བརྟེན་ནས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ང་ཚོའི་ངོས་ནས་མི་རབས་རྒན་པ་ཚོའི་ཐུན་མོང་མ་ཡིན་པའི་ཡ་རབ་བཟང་སྤྱོད་ལ་བདག་པོ་རྒྱག་རྒྱུ་དེ་ཟློག་ཏུ་མེད་པའི་འགན་འཁྲི་ཞིག་རེད་ཅེས་གསུངས་སོང་།
དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་རྩེད་འགྲན་དེ་དང་འབྲེལ་བའི་སྐོར་གསུང་དོན། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ཕྱི་ལོ་ཉིས་སྟོང་ལྔ་ལོར་དྷ་རམ་ས་ལར་འཚོགས་པའི་རྗེས། སྒྲིག་གཞི་གཞིར་བཟུང་ཐོག་ལོ་གཉིས་ལ་ས་གནས་གཞན་དུ་རྩེད་འཆར་ཡོད་པ་བཞིན་ད་ལོར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་བཀོད་སྒྲིག་བྱས་ནས་འཚོགས་བཞིན་ཡོད་པ་འདི་རེད། ཐོག་མར་ང་ཚོས་གསལ་བསྒྲགས་ནང་རྐང་རྩེད་སྤོ་ལོའི་རུ་ཁག་གཅུ་བདུན་འགྲན་སྡུར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་ན་ཡང་། བོད་རིགས་འདུས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་རུ་ཁག་རེ་རེ་བཞིན་ནང་ཁུལ་འགྲན་སྡུར་བྱས་མཐར་ད་ལྟའི་ཆར་དངོས་སུ་འཛུལ་ཞུགས་གནང་མཁན་རུ་ཁག་བཅུ་བཞི་ཡོད་པ་དང་། དེ་ཡང་རྩེད་འགྲན་པ་སྤྱི་ཡོངས་ཀྱི་བྱ་བ་ལམ་སློང་ཡོང་ཆེད་དུ་ཕྱོགས་ཚང་མའི་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་མི་དམན་པ་གནང་རྒྱུ་གལ་ཆེ་ལ། རྩེད་མོ་རྩེད་མཁན་རྣམ་པའི་ངོས་ནས་ཀྱང་ཐོབ་ཤོར་གལ་ཆེན་དུ་མི་རྩི་བར་ལུགས་མཐུན་གྱིས་རྩེད་མོ་རྩེད་རྒྱུ་དང་གོ་སྐབས་ལེགས་པོ་འདི་ཆུད་གཟོས་སུ་མི་གཏོང་བ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་ཡང་ཕྱི་ལོ་༡༩༨༡ ལོར་གསར་དུ་འགོ་འཛུགས་གནང་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་འདི་ད་ཐེངས་ཐེངས་བཅུ་བདུན་པ་ཆགས་ཀྱི་ཡོད་པ་རེད་འདུག།
མོན་གྷོ་ས་གནས་གསར་འགོད་པས།