བོད་མི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས།
ཕྱི་ཟླ་༩ ཚེས་༢༧ ཉིན་བལ་ཡུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་རྒྱུན་ལས་སྐབས་གསུམ་པ་ལས་དུས་རྫོགས་ནས་སྐབས་བཞི་པར་འོས་འདེམས་འཕོ་འགྱུར་བྱུང་བའི་རྩིས་སྤྲོད་ལེན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་བལ་ཡུལ་བོད་མིའི་དྭངས་ལངས་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་བླ་མ་ལགས་དང་། དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། ས་གནས་འགོ་འཛིན་སོགས་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་མི་ཉུང་བ་འཛོམས་ཡོད་པ་རེད།
སྐབས་བཞི་པའི་བལ་ཡུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་དར་རྒྱས་ལགས་ནས་བརྗོད་དོན། ཕྱི་ལོ་༢༠༠༡ ལོར་རྒྱལ་སྤྱིའི་ཁྲིམས་དང་མང་གཙོ་ཡང་དག་པའི་འགྲོ་སྟངས་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་དབུས་རྒྱུན་ལས་རྣམས་མི་མང་གིས་གསར་འདེམས་བྱས་ནས། རིམ་པས་རྒྱ་གར་གཙོས་ཨ་རི་སོགས་བོད་མི་གནས་སྡོད་བྱེད་ཡུལ་མང་པོར་ས་གནས་རྒྱུན་ལས་བཙུགས་པ་དང་། བལ་ཡུལ་དུ་ས་གནས་གཞུང་གི་ཁྲིམས་ལུགས་ལྟར་ཆུ་སྒང་བདེ་དོན་ཚོགས་པ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ། ད་བར་བསྟན་སྲིད་མི་རིགས་ལ་ཞབས་འདེགས་ཞུ་བཞིན་པ་དང༌། ཚོགས་མིའི་ལག་ཁྱེར་གྱིས་བལ་ཡུལ་ནང་གི་སྐྱབས་བཅོལ་ལག་ཁྱེར་མེད་མཁན་བོད་མི་ཚོར་ཡང་ཕན་ཐོགས་མི་ཉུང་བ་ཡོང་བཞིན་ཡོད་སྐོར་གསུངས་སོང་།
ཡང་སྐུ་མགྲོན་གཙོ་བོ་བལ་ཡུལ་བོད་མིའི་དྭངས་ལངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ལགས་ཀྱིས། བལ་ཡུལ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་འདས་པའི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་མཉམ། ཁོང་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་སྐུ་དྲིན་ལ་བརྟེན་བོད་མིའི་གནད་དོན་ཡག་པོ་ཡོང་བའི་རེ་བ་ཡོད་པ་དང་། ད་ལྟའི་སྐབས་གཙོ་ཆེ་ཤོས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་། དཀའ་ངལ་དང་བར་ཆད་རིགས་ལ་གདོང་ལེན་བྱེད་གལ་ཆེ་སྐོར་སོགས་གསུངས་ཡོད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།