མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་སྐུ་གྲོངས་པ།

ཕྱི་ཚེས་༢༣ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཏུ་སྨོན་ལམ་ལ་ཕེབས་པའི་རྗེས་སུ་གཟུགས་ཁམས་བདེ་མིན་ལ་བརྟེན་བདེ་ལེགས་སྨན་ཁང་དུ་བསྟེན་གཏུགས་བྱས་པ་དང་། དེ་ནས་ཅན་དྷི་གྷར་དུ་ཕེབས་ནས་དེ་རིང་སྨན་ཁང་དུ་གྲོངས་འདུག

དེ་ཡང་དམ་པ་ཁོང་ཉིད་ཅན་དྷི་གྷར་གྱི་སྨན་ཁང་དུ་སོང་ནས་སྙིང་བཤའ་བཅོས་བྱས་ནས་དྲག་སྐྱེད་གང་འཚམས་བྱུང་ཡོད་པ་དང་། ཡང་གློ་བུར་དུ་ཀླད་པའི་ནང་དུ་ཁྲག་བརྒྱུགས་ནས་ཀླད་པ་བཤའ་བཅོས་བྱེད་དགོས་བྱུང་ཡོད་འདུག དེ་ནས་ཉིན་གཉིས་གསུམ་ཞིག་ལ་སྨན་ཁང་དུ་དབུགས་མ་ཆད་ཙམ་དུ་བཞུགས་ཡོད་པ་དང་། དེ་རིང་ཉིན་གུང་ཙམ་ལ་སྨན་ཁང་ནས་གྲོངས་འདུག

ཁོང་གྲོངས་པའི་གནས་ཚུལ་ཐོས་མ་སྤྱི་འཐུས་ཀྱི་ཚོགས་འདུ་འཚོག་བཞིན་པ་མཚམས་འཇོག་གིས་ཆུ་ཚོད་གཅིག་ཙམ་རིང་སྤྱི་འཐུས་སྤྱི་འཐུས་ལྷན་ཚོགས་ཀྱི་དཔེ་མཛོད་ཁང་དུ་འཚོགས་ནས་སྨོན་ལམ་འཚོགས་ཡོད་པ་དང་། ཕྱི་ཚེས་༢༩ ཉིན་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཞིག་ཀྱང་འཇོག་རྒྱུ་ཡིན་འདུག

རྒྱལ་རོང་ཟླ་བ་ཚེ་རིང་ནི་༡༩༥༢ ལོར་སྐྱེས་ཤིང༌། ༡༩༥༩ ལོར་རྒྱ་གར་དུ་འབྱོར་ཏེ་རིམ་པས་སློབ་ཞུགས་བྱས།  ༡༩༦༩ ཟླ་༡ ཚེས་༣༡ ནས་༡༩༩༤ ཟླ་༡༠ ཚེས་༣༡ བར་ལོ་ངོ་༢༦ ལྷག་རིང་དྭང་སློབ་དམག་སྒར་ནང་ཞུགས། ཐེག་པ་རིམ་འཛེགས་ཀྱིས་འགོ་འཛིན་ལས་རོགས་Assistant Political Leaderབར་ལས་དྲུང་དང༌། ལས་ཁུངས་དོ་དམ་པ། བརྒྱ་དཔོན། བཟོ་གཞིས་ལས་ཁང་འགན་འཛིན་བཅས་ཀྱི་ལས་ཁུར་ཐོག་སྲི་ཞུ་བསྒྲུབས་མྱོང༌།  ༡༩༩༤ ལོ་མཇུག་ཏུ་དྭང་ཞབས་ནས་རྩ་དགོངས་ཞུས་རྗེས་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་གཞིས་གྲོང་བརྒྱ་དཔོན་དང༌། ས་གནས་དྭང་ཟུར་སྐྱིད་སྡུག་གི་རྒྱུན་ལས་ལོ་གསུམ་བྱས། ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ཁུར་ལོ་དྲུག་དང་མན་སྤར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་བསྟུད་མར་སྐབས་གཉིས་ལས་ཁུར་ཞུས། ནུབ་བྷང་གྷལ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཏ་བོད་མིའི་སུད་ཚོང་གི་འགན་འཐུས་ལོ་ལྔ། མདོ་སྨད་ཆོལ་ཁའི་སྐབས་༡༡ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ལོ་གསུམ་ཞུས།  ༢༠༠༦ ཟླ་༣ ནས་༢༠༠༩ ཟླ་༤ ཚེས་༢༨ བར་སྐབས་༡༣ པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོའི་ལས་ཁུར་ཞུས། སྐབས་༡༣ པ་དང་སྐབས་༡༤ གཉིས་ལ་མུ་མཐུད་དུ་མདོ་སྨད་མི་མང་ནས་སྤྱི་འཐུས་སུ་འདེམས་གཏོང་གནང་བ་བཞིན། སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཆ་ཚང་ཆད་མེད་ཚོགས་བཅར་གྱིས་ལས་ཁུར་ཞུ་མུས་མ་ཟད། སྐབས་༡༣ པར་སྤྱི་འཐུས་རྒྱུན་ལས་ལོ་བཞི་དང་སྐབས་༡༤ པར་ལོ་གསུམ་དང་ཕྱེད་ལྷག་ལས་ཁུར་ཞུས་ཐོག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང༌། ལོ་འཁོར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་སོགས་སྤྱི་འཐུས་ལྷན་ཚོགས་དང་རྒྱུན་ལས་ཀྱི་ཆེད་འཛུགས་ཚོགས་ཆུང་འདྲ་མིན་༢༥ ནང་བསྐོ་གཞག་བྱུང་བ་ལྟར་ཞབས་ཞུ་ཧུར་བསྐྱེད་ཞུས་ཡོད་པ་རེད། དེ་བཞིན་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཨང་རིམ་གསུམ་པར་བསྐྱར་དུ་འདེམས་ཐོན་བྱུང་ཡོོད་པ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཙམ་དུ་ཚོགས་ཞུགས་བྱས་ཡོད་ཀྱང་། གློ་བུར་ནད་མནར་གྱིས་འདས་གྲོངས་སུ་གྱུར་ཡོད་པ་རེད།།