ཨ་རིའི་བདེ་སྲུང་ལས་ཁུངས་གཏོར་རྩིས་བྱེད་མཁན་འཇུ་བཟུང།
ན་གཞོན་དེ་ཨ་རིའི་མེས་ས་ཆུ་སེཊ་གཙུག་ཁག་སློབ་གྲྭ་ཆེན་མོ་ནས་དངོས་ཁམས་སློབ་མཚན་ཐོན་མཁན་ཞིག་ཡིན་པ་དང། མིང་ལ་རིཛ་ཝན་ཕར་ད་ཨུས་ཞེས་བརྗོད་ཅིང། ལྷོ་ཨེ་ཤི་ཡའི་རིགས་རྒྱུད་ཡིན་པ་ཨ་རིར་སྐྱེས་ཏེ་འཚར་ལོངས་བྱུང་བའི་ཨ་རིའི་མི་སེར་ཡིན་འདུག བདེ་སྲུང་ལས་ཁུངས་ཀྱིས་ད་དུང་ཁོ་པ་ཨལ་ཁེ་དྷ་འཇིགས་སྐུལ་ཚོགས་པ་དང་འབྲེལ་བ་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་ཨ་རིའི་དམག་གི་རྟེན་གཞི་ཁག་ལ་གཏོར་སྐྱོན་གཏོང་ཕྱིར་ཨལ་ཁེ་དྷ་ཚོགས་པར་དངོས་པོའི་མཐུན་རྐྱེན་སྤྲད་ཡོད་པའི་ནག་ཉེས་ཀྱང་བཙུགས་ཡོད་པ་རེད།
རིཛ་ཝན་ཕར་ད་ཨུས་ཀྱི་ལས་གཞིའི་ནང་ས་ཐོག་ནས་སྟངས་འཛིན་བྱེད་པ་འབར་རྫས་ཐོག་པའི་མི་མེད་གནམ་གྲུ་གསུམ་གྱིས་མཁའ་ཐོག་ནས་གཏོར་སྐྱོན་གཏོང་ཐབས་དང། རང་ཉིད་གཙོས་མི་དྲུག་རུ་ཁག་གཉིས་སུ་བགོས་ཏེ་མེ་མདའ་དང་འབར་རྫས་ཀྱིས་མི་གསོད་ཁྲག་སྦྱོར་བྱེད་རྒྱུ་བཅས་ཡིན་པ་རེད། ཁོ་པས་ཨ་རིར་ཁ་ཆེའི་ཆོས་དམག་རྒྱག་རྒྱུ་དེ་ནི་འདི་ལོའི་འགོ་སྟོད་ནས་འཆར་གཞི་བསྒྲིགས་ཟིན་ཡོད་འདུག་ཅིང། ལག་ཐོག་ཁ་པར་བརྒྱུད་གནམ་གྲུ་གསུམ་པོས་བདེ་སྲུང་ལས་ཁུངས་དང་གྲོས་ཚོགས་གཉིས་ལ་གཏོར་སྐྱོན་གཏང་རྒྱུ་བྱས་ཡོད་པ་རེད།།