འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་དགོས་པའི་འབོད་སྐུལ།

སྐུ་ཞབས་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་ཚབ་ཞུས་ཏེ་རྒྱལ་སྤྱིའི་ཁྲིམས་ལུགས་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་བཞིན་གོང་མཐོར་གཏོང་རྒྱུའི་ལས་གཞི་དངོས་སུ་ལག་ལེན་གནང་དགོས་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གཙོས་རྒྱལ་ཁབ་གཞན་སུ་འདྲ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་ཚེ། དེར་སྐྱོན་བརྗོད་ཤུགས་ཆེ་གནང་དགོས་པའི་རེ་འདུན་ཡང་བཏོན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་༣༠༠ ཙམ་བཙན་འཁྲིད་བྱས་པ་རྣམས་དགོན་པར་སྐྱར་དུ་འཛུལ་ཞུགས་བྱེད་འཇུག་དགོས་པ་དང། ཀིརྟི་དགོན་པའི་ནང་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་རྗེས་དགོན་པ་དེ་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མིས་བསྐོར་ཏེ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་རྒྱ་མིའི་ལས་བྱེད་པ་ ༦༠༠ ཙམ་གྱིས་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་མུས་ཡིན་སྐོར་གསལ་བཤད་བྱས་ཡོད་པ་རེད།

ཕྱོགས་མཚུངས་སྐབས་དེར་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ཟླ་བ་སྔོན་མར་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་འཛིན་ལགས་དང་བརྩོན་གྲུས་ལགས། ཚེ་རིང་རྟ་མགྲིན་བཅས་ཁོང་གསུམ་གྱིས་དགེ་འདུན་པ་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་དགོག་རྐྱེན་བཟོས་པར་བརྟེན་ཕུན་ཚོགས་ལགས་འདས་གྲོངས་སུ་གྱུར་ཡོད་ཚུལ་གྱི་སྙོན་འཛུགས་འོག ཁོང་གསུམ་པོར་ལོ་ ༡༠ དང་ ༡༡ དེ་བཞིན་ ༡༣ གྱི་ཁྲིམས་ཐག་བཅད་པ་དེ་ཕྱི་གསལ་ནང་གསལ་དང་། དེ་བཞིན་ཁོང་གསུམ་ལ་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་སྤྲད་མེད་པ་མ་ཟད། མནར་གཅོད་དང་བཙན་དབང་འོག་དགེ་འདུན་པ་གསུམ་ལ་མ་ཉེས་ཁ་གཡོག་གི་ཉེས་པ་ཁས་ལེན་བྱེད་དུ་བཅུག་པའི་གནད་དོན་དེར་སེམས་འཚབ་ཧ་ཅང་ཡོད་སྐོར་གསལ་བཤད་བྱས་ཡོད་པ་རེད།

དེ་བཞིན་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་སྐབས་དེར་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཉེ་ལམ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་སྟེ། བོད་མི་ཚོའི་དངོས་ཡོད་ཀྱི་དཀའ་ངལ་རྣམས་རྒྱལ་སྤྱིའི་ནང་འདོན་ཐབས་བྱས་པའི་དོན་རྐྱེན་དེ་དག་ཞིབ་ཕྲ་གསལ་བཤད་བྱས་ཡོད་པ་རེད། དེ་བཞིན་སྐབས་དེར་ཨ་རི་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་བོད་མི་དང་ཤར་ཏིར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བ་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།།