རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱིས་ཚོང་འབྲེལ་ལ་གྲོས་མཐུན།
ཕྱི་ཟླ་ ༩ ཚེས་ ༢༨ ཉིན་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་བློན་ཆེན་རྣམ་གཉིས་རྒྱལ་ས་དྷི་ལི་གསར་པར་ལྷན་འཛོམས་བྱུང་སྟེ། ཚོང་འབྲེལ་འགོ་འཛུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། ༢༠༠༨ ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་པཱ་ཀི་སི་ཐན་དུ་རྟེན་གཞི་བྱས་པའི་འཇིགས་སྐུལ་བས་མི་གསོད་ཁྲག་སྦྱོར་བྱས་པའི་རྗེས་རྒྱ་གར་དང་པཱ་ཀི་སི་ཐན་གྱི་འབྲེལ་ལམ་དེ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཚོང་འབྲེལ་བློན་ཆེན་རྣམ་གཉིས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་བརྗོད་དོན། འདི་ལོའི་ཟླ་ ༡༡ པའི་ནང་རྒྱལ་ཁབ་གཉིས་དབར་གྱི་ཁྲལ་བསྡུ་མ་ཡིན་པའི་ཚོང་རིགས་ཀྱི་འགོག་རྐྱེན་རྣམས་བསལ་རྒྱུ་དང། དེ་སྔར་ལྷོ་ཨེ་ཤི་ཡའི་ནང་དུ་ཚོང་འབྲེལ་རང་དབང་གིི་གྲོས་གཞི་ཁག་ཅིག་ལ་ཕན་ཚུན་གྲོས་འཆམ་བྱུང་བ་བཅས་ཇི་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།