དྷ་ས་ནས་ལས་འགུལ་ནང་ཞུགས་མཁན་ཉུང་ཉུང་རེད་ཟེར།
ལས་འགུལ་བ་གྲྭ་བློ་བཟང་སྦྱིན་པ་ལགས་སུ་འདི་ག་གསར་ཁང་ནས་ལས་འགུལ་དེའི་སྐོར་བཅར་འདྲི་བྱས་པ་ཡིན།
དྲི་བ། ལས་འགུལ་དེ་དང་པོ་ག་འདྲ་བྱས་ནས་དབུ་འཛུགས་གནང་བ་ཞིག་རེད།
ལན། ལས་འགུལ་འགོ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་ཕྱི་ཟླ་༨ ཚེས་༡༥ ཉིན་མོར། ཁམས་རྟའུ་ཉ་མཚོ་དགོན་པ་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་དཔའ་བོ་ཚེ་དབང་ནོར་བུ་དང་། རྔ་པ་ཀིརྟི་དགོན་གྱི་གྲྭ་པ་ཕུན་ཚོགས་གཙོས་པའི་བཙན་འོག་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་འགན་ཁུར་ཏེ། མ་སྐུལ་དང་བླང་གི་སྒོ་ནས་ང་ཚོ་དགེ་འདུན་པ་༡༢ ཀྱིས་ལས་འགུལ་འདི་འདྲ་ཞིག་འགོ་འཛུགས་བྱས་པ་ཡིན།
དྲི་བ། ལས་འགུལ་འདིར་འགྲོ་གྲོན་ཆེད་མཐུན་འགྱུར་གནང་མཁན་ཡོད་མ།
ལན། སྤྱིར་སྟངས་དམིགས་བསལ་གྱིས་ལས་འགུལ་འདིར་རྒྱབ་སྐྱོར་དང་། དང་དུ་ལེན་མཁན་དེ་འདྲ་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་ང་ཚོར་ནམ་རྒྱུན་ཚོགས་པ་དེ་འདྲ་མེད་པས། ང་ཚོས་ལས་འགུལ་ཞིག་མ་སྤེལ་ན་འགྲིག་གི་མི་འདུག་བསམ་ནས། ལྷོ་ཕྱོགས་གདན་ས་ཆེན་པོ་དགའ་འབྲས་གཉིས། དགའ་ལྡན་ཤར་རྩེ་དང་བྱང་རྩེ། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་བཅས་ཀྱི་དགེ་འདུན་པ་ཚང་མ་དང་ཕྱག་མཛོད་ཁང་། དེ་བཞིན་གྲོང་སྡེ་གསུམ་པའི་ཚོང་ཁང་དང་ཟ་ཁང་བཅས་ཀྱི་ཞལ་འདེབས་གནང་བ་རེད། ལྷག་པར་དུ་བཙན་བྱོལ་ན་ཡོད་པའི་རྟའུ་མི་མང་ཚོས་ཞལ་འདེབས་ཕོན་ཆེ་ཤོས་གནང་བྱུང་།
དྲི་བ། ས་གནས་གང་དང་གང་དུ་ལས་འགུལ་དེ་སྤེལ་ཡོད་པ་རེད།
ལན། རྒྱ་གར་གྱི་ས་གནས་ཆེན་པོ་བདུན་ཙམ་ལ་ལས་འགུལ་སྤེལ་ཐུབ་པ་རེད། དཔེར་ན་པུ་ནེའི་གྲོང་ཁྱེར་དང་། བྷ་རོ་ཌ། ཅི་ནེ། བྷེང་ལོར། མུམ་བྷེ། ལྡི་ལི། ཅན་དྷི་གྷར་བཅས་དང་། ཅན་དྷི་གྷར་ནས་དྷ་ས་བར་མྱ་ངན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཏེ། ཞི་བའི་གོམ་བགྲོད་བྱས་ཏེ་དྷ་སར་འབྱོར་རྗེས་ཉི་མ་༤ ལ་ཟས་བཅད་ངོ་རྒོལ་བྱས་པ་ཡིན།
དྲི་བ། ལས་འགུལ་སྤེལ་བའི་རིང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང་།
ལན། སྤྱིར་སྟངས་དཀའ་ངལ་ཆེ་ཤོས་དེ་ཉམས་མྱོང་དང་ཤེས་ཡོན་མེད་པས་འཕྲད་ཀྱི་འདུག དེ་མིན་ལས་འགུལ་སྤེལ་རིང་དཀའ་སྡུག་ཆུང་ཙག་རིགས་ངས་ཞུ་འདོད་མེད། གང་ཡིན་ཟེར་ན་བོད་ནང་ནས་རང་སྲོག་བློས་གཏོང་གནང་ཐུབ་ཀྱི་ཡོད་པ་རེད།
དྲི་བ། ལས་འགུལ་སྤེལ་བའི་རིང་ལ་ས་གནས་མི་མང་གི་མཐུན་འགྱུར་དང་མཉམ་ཞུགས་ག་འདྲ་བྱུང་ཡོད་ན།
ལན། རྡོག་རྡོག་ཞུས་པ་ཡིན་ན། མི་མང་ཟེར་ན་རེད་ངས་བལྟས་དུས་དོ་སྣང་དང་ཚོར་སྣང་ཤུགས་ཆེ་ཤོས་བྱེད་མཁན་དེང་སང་སློབ་ཕྲུག་མཐོ་སློབ་ལ་འགྲོ་མཁན་དེ་ཚོ་ཤུགས་ཆེ་སླེབས་སོང་བསམ་པ་བྱུང་། དེ་མིན་དཔེར་ན་དྷི་ལིར་མི་མང་ཤོས་འདུས་སྡོད་བྱེད་ས་འདྲ་བོ་རེད་དེ། མི་མང་༤༠ ཙམ་སླེབས་བྱུང་། དྷ་རམ་ས་ལར་བོད་མི་མང་ཤོས་ཀྱི་ས་ཆ་རེད་དེ། ང་ཚོ་དང་མཉམ་ཞུགས་མཁན་མི་མང་༢༠ ཙམ་རེད། ས་གནས་ནས་ས་གནས་བརྒྱུད་འགྲོ་མཁན་གྱི་སློབ་མ་དེ་ཚོ་དངོས་གནས་ལྷག་བསམ་དང་མི་རིགས་ཀྱི་ལ་རྒྱ། དམིགས་བསལ་སྔོན་དང་མ་འདྲ་བའི་སེམས་ཤུགས་ཆེ་བ་འདྲ་བོ་མངོན་བྱུང་ལ། ཁོ་རང་ཚོ་མང་ཆེ་བས་སློབ་སྦྱང་ཆབ་སྲིད་ཐོག་ལ་གནང་སྡོད་མཁན་རྐྱང་པ་རེད་འདུག
དྲི་བ། ལས་འགུལ་འདིས་ཕན་རླབས་ག་ཚོད་ཙམ་བྱུང་ཡོད་པར་ཚོད་དཔག་གནང་གི་ཡོད་དམ།
ལན། སྤྱིར་བཏང་ལས་འགུལ་འདི་འདྲ་ཚོགས་པ་ཚོོས་སྤེལ་ན་རེད། ཚོགས་པ་མ་ཡིན་པས་སྤེལ་ན་རེད། ཁ་རུ་ཁ་ཐུག་གྲུབ་འབྲས་འདི་བྱུང་སོང་ཟེར་ཁག་པོ་རེད། གང་ཡིན་ཟེར་ན་ང་ཚོ་གཞན་ལ་བསྟུན་ནས་ལས་འགུལ་སྤེལ་དགོས་ཀྱི་ཡོད་པ་རེད། ང་ཚོ་ཚོགས་པ་དེ་འདྲ་གང་ཡང་མ་རེད་དེ། ཁྱབ་བསྒྲགས་ཀྱི་ཚོད་དེ་ཞུས་པ་ཡིན་ན། བོད་ལ་གདུང་སེམས་མཉམ་བསྐྱེད་ཟེར་ནའང་རེད། བོད་ཀྱི་བདེན་དོན་ལ་རོགས་པ་བྱེད་མཁན་ཟེར་ནའང་རེད། རྒྱལ་ཕྱི་ནང་གི་གསར་འགོད་པ་༣༦ ཙམ་དང་། ཤོག་བུ་བཀྲམ་པ་ཉིས་ཁྲི་བདུན་སྟོང་ལྷག་ཙམ་བྱུང་ཡོད་པ་རེད། དེ་བཞིན་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་འགྲོ་བཞིན་པའི་ནུས་པ་ལ་བརྟེན་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་ཅིག་སྤྲད་ནས། བོད་ཀྱི་གནས་སྟངས་གི་ཛ་དྲག་ཆུང་དུ་འགྲོ་བར་རེ་བ་བྱེད་ཀྱི་ཡོད།
དྲི་བ། འབོད་སྐུལ་འདྲ་གནང་རྒྱུ་ཡོད་དམ།
ལན། སྤྱིར་སྟངས་བཙན་བྱོལ་ལ་སྡོད་མཁན་བོད་མི་དེ་ཚོ་གཞན་དབང་གི་ལུང་པ་ཞིག་དུ་བསྡད་བསྡད་དུས། ག་རེ་བྱེད་ཆོག་ཆོག་གལ་ཡོད་མ་རེད། དེའི་གོང་ལ་སོ་སོར་དཀའ་ངལ་ཤུགས་ཆེན་པོ་ཡོད་རེད། ས་ཆ་ཡང་ཡོད་མ་རེད། ཐ་ན་སོ་སོའི་ཉལ་ས་ཡན་ལ་གླ་ཆ་སྤྲོད་དགོས་པ་དེ་འདྲ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་བོད་ནང་གི་གནས་སྟངས་དེ་ཛ་དྲག་དང་ཤུགས་ཆེན་པོ་དེ་འདྲ་ཆགས་དུས། ཆུང་ཆུང་དེ་བློས་བཏང་ནས་སོ་སོས་འགན་ཁུར་ནས་ག་རེ་བྱེད་ཐུབ་ཐུབ་ཅིག་ལས་འགུལ་སྤེལ་དགོས་ན་རེད། ཡང་ན་ཟ་ཁང་དང་ཚོང་ཁང་ནང་དུ་དྲིལ་བསྒྲགས་ཆེད་དུ་དཔའ་བོ་རྣམ་པའི་སྐུ་པར་སྒྲིག་གཤོམ་བྱེད་པ་འདྲ་བོ། དཔེར་ན་དྷ་ས་འདྲ་བོ་ཡུལ་སྐོར་སྤྲོ་འཆམ་མང་པོ་ཡོང་གི་ཡོད་དུས། ཁོང་ཚོར་ཡིག་ཆ་སྤྲོད་པ་དང་འགྲེལ་བཤད་རྒྱག་པ་སོགས་བྱེད་རྒྱུ་ཡོད་པ་རེད། དེ་མ་ཡིན་པ་ལས་ཀ་དམིགས་བསལ་མེད་མཁན་ཚོས་གོམ་བགྲོད་དང་ག་རེ་ཐོག་ཡིན་ཡང་ལས་ཀ་བྱེད་རོགས་བྱས་ན་བསམ་པ་ངའི་རེ་བ་ཤུགས་ཆེན་པོ་ཡོད།
༢༠༡༡ ལོའི་ཕྱི་ཟླ་༩ ཚེས་༣༠ ཉིན་བཅར་འདྲི་བྱས།