གསེར་རྟ་རྫོང་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཟླ་༡༠ ཚེས་༡ གྱི་ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་བོད་ལ་རང་དབང་རང་བཙན་དགོས་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་སོགས་འཁོད་པའི་ཡིག་ཆ་གང་མང་སྦྱར་གཏོར་བྱས་ཡོད་འདུག་ལ། ཉིན་དེའི་ཉིན་གུང་ཙམ་ལ་གསེར་རྟ་རྫོང་གི་ཁྲོམ་ལམ་དུ་ཡོད་པ་བོད་པའི་ཚོང་ཁང་ཞིག་གི་སྒོ་ནས་བོད་མི་ཞིག་གིས་ཡིག་ཆ་གཏོར་འགྲེམས་བྱེད་བཞིན། སྦྱར་ཡིག་གི་བརྗོད་ཚིག་ཏུ་འཁོད་པ་བཞིན་སྐད་འབོད་བྱས་ཡོད་འདུག དེར་བརྟེན་ཁྲོམ་ལམ་དུ་ཡོད་པའི་བོད་རིགས་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱུང་ཡོད་པ་དང་། དེ་དག་གིས་ཀྱང་ཞི་རྒོལ་སྐད་འབོད་ཤུགས་ཆེ་བྱས་པ་དང་། ཁ་ཤས་ཀྱིས་ཕྱག་འཚལ་ནས་ཞི་བའི་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད། ཉེན་རྟོག་པ་སླེབས་ནས་སྐད་འབོད་རྒྱག་མཁན་གཙོ་བོ་འཛིན་བཟུང་བྱེད་གྲབས་བྱེད་སྐབས་མི་མང་བར་དུ་འཚངས་པ་དང་། མི་འབོར་མང་བས་སྐད་འབོད་རྒྱག་མཁན་ཐོག་མ་དེ་འཛིན་བཟུང་བྱེད་ཐུབ་མེད་པ་དང་། མི་གཞན་ཡང་མང་པོ་ཡོད་པས་ད་ལྟའི་ཆར་སྐད་འབོད་བྱེད་མཁན་གཅིག་ཀྱང་འཛིན་བཟུང་བྱེད་ཐུབ་མེད་པ་མ་ཟད། ཐོག་མ་སྐད་འབོད་ཀྱི་འགོ་འཛུགས་མཁན་དེ་སུ་ཡིན་ཡང་རྩད་གཅོད་བྱེད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ད་ལྟའི་ཆར་གསེར་རྟ་རུ་རྒྱ་གཞུང་གིས་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་ཡོད་པ་དང་། ཡིག་ཆ་སྦྱར་གཏོར་བྱེད་མཁན་དང་སྐད་འབོད་རྒྱག་མཁན་གཙོ་བོ་སུ་ཡིན་མིན་ཡང་རྩད་གཅོད་བྱེད་བཞིན་ཡོད་འདུག།