ལྡི་ལིར་མཐོ་རིམ་སློབ་མ་ཚོས་ཟས་བཅད་ངོ་རྒོལ།
ཟླ་འདིའི་ཚེས་༡ འགོ་འཛུགས་ཀྱིས་ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་དང་སྣེ་ཁྲིད་འོག ལྡི་ལི་མཐོ་རིམ་སློབ་གྲྭ་འདྲ་མིན་ནས་ཕེབས་པའི་བོད་རིགས་སློབ་མ་བརྒྱད་ཀྱིས་ལྡི་ལི་གསར་པའི་ས་གནས་ཇཱན་དར་མན་དར་དུ་བདུན་ཕྲག་གཅིག་གི་རིང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན་པ་རེད།
དེ་ཡང་ཚེས་༡ ཞོགས་པར་བོད་རིགས་མཐོ་སློབ་བརྒྱ་ལྷག་ས་གནས་དེར་འཛོམས་ནས། ཟས་བཅད་ལས་འགུལ་དང་འབྲེལ་བའི་གསལ་བསྒྲགས་གཏམ་བཤད་སོགས་བྱེད་སྐབས། སྐུ་མགྲོན་གཙོ་བོ་རྒྱ་གར་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་མི་སྣ་གལ་ཆེན་ཁ་ཤས་ཕེབས་པ་དང་། དེ་བཞིན་གཞོན་ནུའི་སྐུ་ཚབ་ཀྱིས་ཀྱང་གཏམ་བཤད་གནང་སོང་།
ཟས་བཅད་ངོ་རྒོལ་ལ་དངོས་སུ་ཞུགས་མཁན་དག་ནི། ༡)དཔལ་ལྡན་བསོད་ནམས་(ས་གནས་གཞོན་ནུའི་ཚོགས་གཙོ།) ༢)ཚུལ་ཁྲིམས་རྡོ་རྗེ།(ཚོགས་གཞོན) ༣)ཚེ་དབང་ནོར་བུ། ༤)བསོད་ནམས་བདེ་སྐྱིད། ༥)རྡོ་རྗེ་ཚེ་བརྟན། ༦)བསྟན་འཛིན་བྱང་ཆུབ། ༧)བསྟན་འཛིན་སྒྲོལ་དཀར། ༨)ཕུན་ཚོགས་ཆོས་འཕེལ་བཅས་ཡིན་པ་རེད།
ཟས་བཅད་ངོ་རྒོལ་བ་ཚོས་ཐེངས་འདིའི་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་གསུམ་ནི།
༡) བོད་ནང་གི་དགོན་པ་ཁག་ཏུ་བཙན་གྱིས་ལག་བསྟར་བྱེད་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲིད་ཇུས་མྱུར་དུ་མཚམས་འཇོག་དགོས་པ།
༢) བོད་ཀྱི་ཀུན་གཟིགས་པཎ་ཆེན་ཆུང་སྲིད་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་མགྱོགས་མྱུར་དུ་གློད་གྲོལ་གཏོང་དགོས་པ།
༣) རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་པ་ཞིག་བོད་ནང་དུ་རང་དབང་སྒོས་བཏང་ནས་བོད་ཀྱི་གནས་སྟངས་དངོས་ལ་ཞིབ་འཇུག་བྱེད་དགོས་པ་བཅས་ཡིན་པ་རེད།
ལྡི་ལི་མཐོ་རིམ་སློབ་མ་ཚོས་ཉིན་ཁ་ཤས་སྔོན་ནས་བོད་སྐྱོབ་རེ་འབོད་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཟླ་༩ ཚེས་༢༨ དགོང་མོ་མཐོ་རིམ་སློབ་མ་ཉིས་བརྒྱ་ལྷག་ཚང་འཛོམས་ཐོག ཨ་མདོ་རྔ་པ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་དང་། བློ་བཟང་སྐལ་བཟང་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེར་གདོང་སེམས་མཉམ་བསྐྱེད་མཚོན་ཆེད་དུ། གསོལ་འདེབས་སྨོན་ལམ་རྒྱ་ཆེར་ཞུས་པ་དང་། མར་མེའི་ཁྲོམ་སྐོར་བྱས་ཡོད་པ་རེད།
ལས་འགུལ་དེའི་འབྲེལ་ཡོད་ཀྱིས། “བོད་མི་རིགས་ཀྱི་རང་དབང་བདེན་པའི་འཐབ་རྩོད་ཆེད་དུ་ལས་སྲོག་ལོངས་སྤྱོད་དང་བཅས་པ་འཇིགས་ཞུམ་སྤུ་ཙམ་མེད་པར་གཏོང་དང་གཏོང་བཞིན་ཡོད་པའི་རྒྱལ་གཅེས་དཔའ་བོ་གཞོན་སྐྱེས་དགེ་འདུན་པ་བློ་བཟང་དཀོན་མཆོག་དང་། བློ་བཟང་སྐལ་བཟང་གཉིས་སོགས་བགྲང་གིས་མི་ལོངས་པའི་བོད་ཀྱི་རང་དབང་རྩོད་འཐབ་རྩོད་གནང་མཁན་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་ཅག་གི་རླབས་ཆེན་མཛད་རྗེས་དེ་དག་གཞོན་སྐྱེས་མི་རབས་ཕྱི་མ་ཚོས་མི་བརྗེད་པ་སོགས་ཀྱི་ཆེད་དུ་ཡིན་”ཞེས་བརྗོད་འདུག །