རང་ཅག་ཚང་མས་དགེ་སྦྱོར་རྒྱ་ཆེར་བསྒྲུབ་རོགས།

དེ་ཡང་ཕྱི་ཟླ་༩ ཚེས་༢༨ ཉིན་བལ་ཡུལ་དུ་བཞུགས་པའི་ས་དགོན་རྣམས་ཀྱིས་དམིགས་བསལ་གོ་སྒྲིག་ཐོག། ཐར་ལམ་དགོན་པར་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་སོགས་མི་གྲངས་སྟོང་ཚོ་བརྒལ་བ་འཛོམས་ནས། ༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་དགུང་གྲངས་ ༦༧ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད། སྐུ་མགྲོན་གཙོ་བོར་འཁོན་གདུང་ཨ་ནནྡ་རིན་པོ་ཆེ་དང་། ཨ་སངྒ་རིན་པོ་ཆེ། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁན་པོ་ངག་དབང་ཚུལ་ཁྲིམས། བལ་ཡུལ་གཞུང་འབྲེལ་ནང་ཆོས་དར་སྤེལ་དང་དགོན་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་ཉི་མ་རྡོ་རྗེ། WWF སྲུང་སྐྱོབས་ལས་རིམ་ངེས་སྟོན་པ་རྒན་བྱམས་རྒུ་རོང། བོད་མི་མང་སྤྱི་ཟུར་སྒྲོལ་མ་མཚོ་མོ་དང་། ས་གནས་འགོ་འཛིན་སོགས་སྐུ་མགྲོན་དང་སེར་སྐྱ་མི་གྲངས་མང་པོ་འཛོམས་ཐོག། དཔལ་ས་སྐྱ་གོང་མའི་སྐུ་ཚེ་མཛད་འཕྲིན་དང་འབྲེལ་བའི་གཏམ་བཤད་རིམ་པ་བྱས་སོང་།

བལ་ཡུལ་ས་སྐྱ་ནང་བའི་ཚོགས་པའི་འབྲེལ་ཡོད་མི་སྣས་ཚོགས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ཐེངས་འཁྲུངས་སྐར་ལ་ཉམས་ཐག་སློབ་ཕྲུག་དང་རྒན་གསོ་ཁང་ལ་དཔལ་འབྱོར་མཐུན་སྦྱོར་དང་། དམིགས་བསལ་མཛད་རྗེས་ཅན་ལ་ཐུགས་རྗེ་ལེགས་འབུལ་གཟེངས་སྟོད་ཕྱག་ཁྱེར་འབུལ་ཐོག། ཁྲག་གི་སྤྱིན་གཏོང་དང་། ར་ལུག་སེམས་ཅན་ཚེ་ཐར་ལ་གཏོང་རྒྱུ་མཛད་རིམ་གཙོ་བོ་ཡིན་འདུག།

སྐབས་དེར་ས་སྐྱ་གོང་མ་མཆོག་གིས་ཆེད་དུ་འཁྲུངས་སྐར་མཛད་སྒོར་གསུང་འཕྲིན་བསྩལ་ཡོད་པའི་ནང་། ཁྱེད་རྣམ་པས་ངའི་སྐྱེས་སྐར་གལ་ཆེན་ལ་བརྩིས་ཏེ། སྐུ་ངལ་ལ་མ་འཛེམས་པར་ལོ་ལྟར་སྲུང་བརྩི་གནང་རྒྱུ་དེ་ནི་ཀུན་སློང་ཡག་པོ་ཞིག་དང་། དོན་གཉེར་གནད་དུ་ཕོག་པ་མ་བྱུང་ན་ཡོང་ཆོག་ཆོག་ཡེ་ནས་མེད་སྟབས་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ངོས་རང་འདི་ལྟ་བུའི་སྐྱེས་སྐར་དུས་སྟོན་གལ་ཆེན་ལ་མཐོང་གི་མེད་པ་མ་ཟད། འདིས་རྐྱེན་པས་གོ་སྒྲིག་ཚོགས་པ་དབུས་འབྲེལ་ཡོད་སེར་སྐྱ་མང་པོ་ལ་བརྡབ་གསུག་དང་སྐུ་ངལ་སྦྱིན་པའི་ཚོར་སྣང་ཡོང་གི་འདུག། ཡིན་ན་ཡང་སྐྱེས་སྐར་སྲུང་བརྩི་བྱེད་སྒོ་འདིར་དགེ་ལེགས་ཀྱི་སྒོ་མོ་ཕྱེ་བའི་རྨང་གཞིའི་གོ་སྐབས་སུ་བཟུང་ཐོག། རང་ཅག་ཚང་མས་རྒྱུན་དུ་དགེ་བའི་རྩ་བ་གསུམ་གྱི་ཀུན་ནས་བླངས་ཏེ། དགེ་སྦྱོར་རྒྱ་ཆེར་བསྒྲུབ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆ་ལག་དང་བཅས་པ་སྒོ་ཀུན་ནས་དར་རྒྱས་ཡོང་ཐབས་སྤྱི་དང་། ཡང་སྒོས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕན་བདེའི་འབྱུང་གནས་སུ་དགོངས་བཞེས་གྱིས་གོང་ནས་གོང་ཏུ་འཕེལ་བའི་ཐུགས་བརྩོན་གང་གཟབ་དགོས་གལ་ཆེ་བའི་དྲན་སྐུལ་ཞུས་བ་ཡིན་ཞེས་འཁོད་འདུག།
བལ་ཡུལ་གསར་འགོད་པས།