ས་སྐྱ་༧གོང་མ་རིན་པོ་ཆེའི་ཀ་རྡོ་སྒང་གསུམ་དུ་མཛད་འཆར།
སྐབས་དེར་ཀ་ལི་སྤུངས་དང་རྡོ་རྗེ་གླིང་བཅས་ཀྱི་ས་གནས་འགོ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཧི་མ་ལ་ཡ་མི་རིགས་དང་ཆོས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་གནད་ཡོད་མི་སྣ་བཞི་བརྒྱ་ཙམ་ཞིག་གནམ་ཐང་དུ་ཕེབས་བསུ་ལ་བཅར་འདུག དེའི་ཉིན་ཕྱི་དྲོ་ཆུ་ཚོད་༥ པའི་ཐོག་ཀ་ལི་སྤུངས་ས་སྐྱ་ཆོས་སྒར་དུ་ཁུལ་དེར་ཡོད་པའི་མི་མང་དང་སློབ་གྲྭ་གྲྭ་བཙུན་བཅས་ཁག་སོ་སོ་ནས་བཀྲིས་ཞོལ་པ་དང་དུང་རྒྱལ་རྔ་རོལ་བསིལ་བཅས་ཀྱི་ལམ་ནས་ཕེབས་བསུ་ཟབ་རྒྱས་གནང་ནས་ཞབས་བསུ་བདེ་བར་འཁོད་གྲུབ་འཚམས། བསྟན་པ་རྒྱས་པའི་སླད་དུ་གནས་ཆོག་གསུང་ཆོག་དབུ་འཛུགས་གནང་སོང།
དེ་རྗེས་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་དང། ཀ་ལི་སྤུངས་ས་སྐྱ་ཆོས་སྒར་གྱི་མཁན་རིན་པོ་ཆེ་ནས་རིམ་བཞིན་མཎྜལ་སྐུ་གསུམ་ཐུགས་རྟེན་སོགས་འདེགས་འབུལ་ཞུ་བ་དང་གསུང་ཆོག་གྲུབ་འཚམས་གཟིམ་ཆུང་དུ་གདན་དྲངས། ཕྱི་ཚེས་༤ ཉིན་ཆོས་སྲུང་ཁག་གི་དུས་ཆེན་དང་སྟོ་ཉིན་གང་བསྐང་གསོལ་ཚོགས་གནང་སོང་། ཕྱི་ཚེས་༥ཉིན་ཕྱེད་ཡོལ་ཉིན་རྒྱབ་ལ་ཁུལ་དུ་ཆོས་འབྲེལ་གྱི་ཐོག་མ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་གདུལ་བྱེད་རྗེས་གནང་བསྩལ། རྗེས་གནང་གྲུབ་རྗེས་སློབ་ཕྲུག་ཁག་ཅིག་གིས་ལེགས་བཤད་ཀྱི་མཆོད་འབུལ་གནང་བ་དང་དེའི་རྗེས་ཀ་སྤུངས་ས་སྐྱ་ཆོས་སྒར་གྱི་སློབ་ཕྲུག་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་ཀྱི་ཨང་རིམ་རྩེ་སོན་རྣམས་ལ་ལེགས་གསོའི་བྱ་དགའ་གསོལ་བསྩལ་གནང་སོང། ཕྱི་ཚེས་༦ཉིན་སྔ་དྲོ་སྐྱབས་མཆོག་༸གོང་མ་རིན་པོ་ཆེ་མཆོག་དང་ངོ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་ད་ལྟ་ཀ་སྤུངས་སུ་ས་གཞེངས་གནང་བཞིན་པའི་ས་སྐྱ་ཆོས་ཚོགས་ཀྱི་གདུལ་ཁང་དང་གྲྭ་ཤག་སོགས་ཀྱི་ཆེད་ས་སློང་གི་ཆོ་ག་གནང་རྒྱུ་རེད་འདུག དེའི་ཉིན་རྒྱབ་ཀ་སྤུངས་བོད་ཁྱིམ་སློབ་གྲྭས་གདན་ཞུ་ལྟར་ཆེད་ཕེབས་གནང་ནས་དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་སོགས་གནང་རྒྱུ། དེའི་རྗེས་རྟ་མང་དགོན་པ་ཞིག་ཏུ་ཕེབས་ནས་ཆོས་འབྲེལ་མཛད་རྒྱུ་རེད་འདུག ཕྱི་ཚེས་༧ཉིན་རྒྱབ་ཁུལ་དེ་ཡོད་པའི་མི་མང་རྣམས་ལ་བློ་ལྡོག་རྣམ་བཞིའི་མཚོན་པའི་ནང་ཆོས་ངོ་སྤྲོད་དང་ཀུན་རིག་གི་ལྗགས་དབང་སོགས་གནང་འཆར་འདུག ཕྱི་ཚེས་༨ཉིན་སྔ་དྲོ་ཕྱག་ཚོད་༩ཐོག་ཁུལ་དེར་མཛད་རིམ་གྱི་མཐའ་མར་མི་མང་ལ་ཆོས་འབྲེལ་ཚེ་དབང་དང་བཀའ་སློབ་བཅས་ཀྱི་མཛད་རིམ། ཕྱི་ཚེས་༩ཉིན་སྒང་ཏོག་གི་ཕྱོགས་སུ་ཆིབས་ཞལ་བསྒྱུར་ནས་མཛད་འཔྲིིན་རྒྱ་ཆེ་སྐྱོང་རྒྱུ་རེད་འདུག དེ་རིང་ཆིབས་བསྒྱུར་སྐབས་སུ་རྡོ་རྗེ་གླིང་དབུས་གཞུང་གིས་ཀྱང་ཉེན་སྲུང་མི་སྣ་ཆེད་གཏོང་དང་རླང་སོགས་ཀྱང་གྲ་སྒྲིག་གནང་བཞིན་ཡོད་འདུག །