ཇི་ནི་ཝ་གྲོང་ཁྱེར་དུ་ཆོས་ལུགས་དང་རིག་གཞུང་གི་ལྷན་ཚོགས།

དེ་ཡང་ལྷན་ཚོགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཁྱབ་ཁོངས་ཀྱི་ཁ་ཛ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་། རི་ཀོན་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན། འཛམ་གླིང་ཡི་ཤུའི་ལྷ་ཁང་མཐུན་ཚོགས་ཀྱི་ཆོས་ལུགས་ནང་ཁུལ་གྲོས་མོལ་དང་མཐུན་སྒྲིལ་གྱི་ལས་རིམ་གཙོ་འཛིན་ལྕམ་ཀི་ལེ་ཡར་ཨེ་མོ་སི་བཅས་མཉམ་ཞུགས་གནང་ཡོད་པ་རེད།

སྐབས་དེར་རྒྱལ་སྤྱིའི་ཆོས་ལུགས་རིས་མེད་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཅཱར་ལ་སི་གྷི་རེ་ཕི་ཡིས་ལྷན་ཚོགས་གཙོ་སྐྱོང་གནང་སྟེ། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་མེས་པོ་དམ་པ་གྷན་དྷི་མཆོག་གི་སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས་རྣམས་དངོས་བྱུང་གློག་བརྙན་བརྒྱུད་བསྟན་ཡོད་པ་དང་། དེ་རྗེས་ཁ་ཛ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོས་ཁ་ཛ་ཁི་སི་ཐན་གཞུང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཆོས་ལུགས་དང་རིག་གཞུང་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་གཞི་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང། ཕྱོགས་མཚུངས་ལྕམ་ཨེ་མོ་སི་ལགས་ཀྱིས་དཀྱིལ་ཤར་ཡུལ་གྲུའི་ནང་རྟེན་གཞི་བྱས་པའི་ཇེ་རུ་ས་ལེམ་(Jerusalem)ནང་ཁོ་མོའི་ལོ་ངོ་ཉི་ཤུའི་ཉམས་མྱོང་དང་འབྲེལ་བའི་གསུང་བཤད་གནང་།

དེ་བཞིན་སྐབས་དེར་རི་ཀོན་དགོན་པོའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས་ཀྱིས་ནང་ཆོས་ནས་གསུངས་པའི་འཚེ་མེད་ཞི་བའི་རྣམ་གཞག་སྐོར་གསུང་བཤད་གནང་དོན། འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་གནང་བཞིན་ཡོད་པ་ལྟར་བོད་ཀྱི་ནང་ཆོས་ནས་ཀྱང་དེ་ལྟར་གཅིག་མཚུངས་གསུང་བཞིན་ཡོད། བོད་ཀྱི་ནང་ཆོས་ནང་འཚེ་བའི་བྱ་སྤྱོད་སྤང་དགོས་པ་དང། མི་ཙམ་མ་ཟད་དུད་འགྲོ་ཚུན་གྱི་ཚེ་སྲོག་ལའང་རིན་ཐང་ཆེན་པོར་རྩི་བཞིན་ཡོད།  དེར་བརྟེན་ང་ཚོས་མིག་གིས་དངོས་སུ་མཐོང་ཐུབ་པ་ལྟ་ཅི་སྨོས་མིག་གིས་དངོས་སུ་མཐོང་མི་ཐུབ་པའི་སྐྱེ་ལྡན་ཕྲ་མོའི་རིགས་ཀྱི་ཚེ་སྲོག་ལའང་རྩ་ཆེར་འཛིན་བཞིན་ཡོད།  ཞེས་དང། ཡང་ཁོང་གིས་འཛམ་གླིང་ས་ཕྱོགས་གང་ས་དང་ལྷག་པར་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་བྱུང་བཞིན་པའི་ཟིང་འཁྲུག་སྐོར་གསུང་དོན། ཟིང་འཁྲུག་དེ་དག་གི་རྒྱུ་རྐྱེན་གཙོ་བོ་དེ་འཚེ་བ་ཡིན་པར་ང་ཚོས་ངོས་འཛིན་བྱེད་དགོས། འཚེ་བ་ནི་འཚེ་བ་བརྒྱུད་སེལ་མི་ཐུབ། ཁྱིམ་ཚང་དང། གཞུང། ཚོགས་པ་བཅས་གང་འདྲ་ཞིག་གི་དཀའ་ངལ་ཡིན་རུང་དེ་དག་འཚེ་བའི་ལམ་ནས་སེལ་ཐུབ་ཀྱི་མེད། དེར་བརྟེན་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་ཕན་ཚུན་གུས་བརྩི་དང་ཞི་བའི་ཐོག་ནས་སེལ་ཐབས་བྱེད་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བོད་རྒྱ་དབར་གྱི་དཀའ་རྙོག་སེལ་ཐབས་དེ་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་མེས་པོ་དམ་པ་གྷན་དྷི་མཆོག་ལྟར་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་མཛད་བཞིན་ཡོད། ཅེས་སོགས་དང། ཕྱོགས་མཚུངས་ཁོང་གིས་ཚོགས་བཅར་བ་ཡོངས་ལ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་དབུལ་ཕོངས་མེད་པར་བཟོ་རྒྱུར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད་པ་རེད།།