རྫུན་ཀྱིས་འགེབས་མི་ཐུབ་པའི་དོན་དངོས།

འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩ་བྲལ་དུ་གྱུར་པའི་གནས་སྟངས་གསལ་སྟོན་ཆེད་བོད་རིགས་རྒྱ་ཆེའི་མི་མང་གིས་དུས་རྒྱུན་ཞི་རྒོལ་སྣ་ཚོགས་བྱེད་བཞིན་པ་མ་ཟད། ཐ་ན་ལོ་འདིའི་ནང་རང་ལུས་མེར་བསྲེག་གིས་ཚེ་སྲོག་ཀྱང་བློས་གཏོང་གནང་མཁན་མང་ནས་མང་དུ་འགྲོ་བཞིན་པ་འདིས་རྒྱ་གཞུང་གི་སྐྱག་རྫུན་གྱིས་འགེབས་མི་ཐུབ་པའི་དོན་དངོས་གསལ་སྟོན་བྱས་ཡོད།

རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་མི་ལོ་དྲུག་ཅུ་ལྷག་འདས་ཟིན་པ་དང་། བོད་ཡུལ་ཡོངས་རྫོགས་བཙན་བཟུང་བྱས་ནས་མི་ལོ་༥༢ ཙམ་འདས་ཟིན་ནའང་། ད་དུང་ཕྱི་ཕྱོགས་ལ་དངོས་ཡོད་གནས་ཚུལ་སྦས་འགེབས་ཀྱིས་ཡར་རྒྱས་དང་བདེ་སྐྱིད་ཡོད་པའི་དྲིལ་བསྒྲགས་རྫུན་མ་སྤེལ་གང་ཐུབ་བྱེད་དགོས་པ་ནི། བོད་མི་རྣམས་ལ་རྒྱ་གཞུང་གིས་ཡིད་ཆེས་བློས་གཏད་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་མེད་པ་མ་ཟད། མི་རིགས་དབྱེ་འབྱེད་དང་རིག་གཞུང་རྩ་མེད་གཏོང་བའི་ངན་བྱུས་ཁོ་ན་ལག་བསྟར་བྱས་པ་ལས། དོན་དམ་པར་བོད་མི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། རང་དབང་དང་འདྲ་མཉམ་ཡོངས་ཐབས་སུ་རྒྱ་དམར་གཞུང་གིས་བསམ་བློ་གཏན་ནས་གཏོང་མྱོང་མེད་པ་ར་སྤྲོད་གསལ་པོ་བྱས་པ་རེད།   

འདས་ཟིན་པའི་མི་ལོ་༦༠ ཙམ་གྱི་རིང་བོད་རིགས་རྣམས་རྒྱ་གཞུང་གི་བཙན་གནོན་དང་སྟངས་འཛིན་འོག་གནས་དགོས་བྱུང་ཡོད་པ་དང་། བོད་རྒྱ་མི་རིགས་གཉིས་མཉམ་དུ་གཤིབས་སྡོད་བྱས་ཡོད། དུས་ཚོད་དེའི་རིང་ཞི་དྲག་འཇམ་རྩུབ་ཀྱི་ཐབས་ལམ་གང་འདྲ་ཞིག་བེད་སྤྱོད་བྱས་ཀྱང་། ད་དུང་བོད་མི་རིགས་ཀྱི་བསམ་བློ་རྒྱ་དམར་གཞུང་གི་ཕྱོགས་སུ་འགུགས་ཐུབ་མེད་པར། རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཕྱིའི་དཔོན་རིགས་སུ་དང་ཐུག་འཕྲད་བྱས་ཀྱང་ཐོག་མ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱེད་དགོས་ཞེས་ཨུ་ཚུགས་ཀྱིས་བརྗོད་དགོས་པ་སོགས། ད་བར་བོད་དེ་རྒྱ་དམར་གཞུང་གི་སེམས་ནང་གི་རྡོག་ཁྲེས་ཤིག་ཏུ་གྱུར་ཡོད་པ་ལྟར། བོད་མི་རིགས་ཀྱི་སེམས་ནང་དུའང་རྒྱ་དམར་གཞུང་ནི་ལྗིད་ཁོག་ཆེ་བའི་གཉའ་ཤིང་ཞིག་དང་གཅིག་མཚུངས་སུ་གྱུར་ཡོད་པས། ཕན་ཚུན་ཡིད་ཆེས་དང་བློ་གཏད་བྱེད་ཐུབ་ཐབས་གཏན་ནས་མེད།

ཕྱོགས་གཉིས་ངོས་ནས་བསམ་བློའི་ནང་གི་གནས་བབས་དང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བཤད་ན། བོད་དེ་རྒྱ་དམར་གཞུང་གི་འོག་ནས་ཁ་བྲལ་དུ་འགྲོ་རྒྱུ་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ། ཕྱི་ལོ་༡༩༥༡ ལོར་བོད་རྒྱའི་བར་བཙན་འོག་ནས་གྲོས་མཐུན་དོན་ཚན་༡༧ འཇོག་པའི་ལོར་མཉམ་འབྲེལ་རྒྱལ་ཚོགས་ནང་ཚོགས་མི་རྒྱལ་ཁབ་༥༨ ལས་མེད་ཀྱང་། ད་ལྟའི་ཆར་ཚོགས་མི་༡༩༣ ཡོད། ལོ་དྲུག་ཅུ་ཙམ་གྱི་རིང་རྒྱལ་ཁབ་༡༣༥ ལ་རང་བཙན་ཐོབ་ཡོད་པ་དང་། ཆ་སྙོམས་ལོ་བཅུ་རེའི་ནང་རྒྱལ་ཁབ་གྲངས་༢༢.༥ ལ་རང་བཙན་ཐོབ་ཡོད། ད་བར་བོད་ཕྱི་ནང་གཉིས་ནས་ལས་འགུལ་གྱིས་མ་འདང་བའམ། ཡང་ན་དུས་སུ་མ་བབ་པ་ཙམ་ལས་བརྩོན་པ་མ་དོར་བར་འཐབ་རྩོད་རྒྱུན་ཆད་མེད་པར་བྱས་ན་བོད་ལ་རང་དབང་རང་བཙན་གྱི་གོ་སྐབས་ངེས་པར་དུ་འཐོབ་ཐུབ་པ་གོང་གསལ་གནས་ཚུལ་ཁག་ལ་གཞིག་ན་ཤེས་ཐུབ།

རྒྱ་དམར་གཞུང་ད་ལྟའི་ཆར་འཛམ་གླིང་གི་ནང་དུ་དཔལ་འབྱོར་དང་དམག་ཤུགས་གང་ཐད་ནས་མདུན་དུ་ཡོད་སྟབས། དབང་ཤུགས་ཀྱི་ཐོག་ནས་བོད་ལ་རང་དབང་ཐོབ་པའི་གོ་སྐབས་གཏན་ནས་ཡོང་མི་སྲིད་པའི་བསམ་ཚུལ་འཛིན་མཁན་ཡོད་ཀྱང་། ཨུ་རུ་སུ་ལ་མཚོན་ན་སྐབས་ཤིག་འཛམ་གླིང་གི་ཁྲོད་ནས་དམག་དོན་སྟོབས་ཤུགས་ཀྱི་ཐོག་ནས་ཨང་དང་པོ་དང་། སྤྱི་ཡོངས་ནས་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་ཡང་། རིམ་པས་འཐོར་ཞིག་ཏུ་སོང་བ་ནི་དོན་དངོས་རེད། རྒྱ་དམར་གཞུང་གི་ད་ལྟའི་ནུས་ཤུགས་ནི་སྐབས་དེ་དུས་ཀྱི་ཨུ་རུ་སུའི་རྒྱལ་སྤྱིའི་གནས་བབས་ཀྱི་རྗེས་སུ་ལུས་ཡོད་ལ། རྒྱ་དམར་གཞུང་གི་འོག་ཏུ་འདོད་པ་གཏན་ནས་མ་ཁེངས་པའི་བོད་པ་དང་། ཡུ་གུར་བ། སོག་པོ་སོགས་གྲངས་ཉུང་མི་རིགས་གང་མང་ཞིག་གིས་རང་དབང་རྩོད་ལེན་བྱེད་བཞིན་ཡོད་པས། སྔ་རྗེས་མ་གཏོགས་རྒྱ་དམར་གཞུང་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད།

ནམ་ཞིག་རྒྱུ་ཚོགས་ཚང་ན་རྒྱ་དམར་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུ་ཡིན་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལས། སུ་ཞིག་གིས་མོ་བཏབ་རྩིས་རྒྱག་གི་ངལ་བ་བརྟེན་མི་དགོས། དེའི་བར་དུ་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པའི་ཐོག་ནས་གནས་ཐུབ་དགོས་པ་དང་། བོད་མི་མི་རེ་ངོ་རེ་བཞིན་གནས་སྐབས་སྒེར་གྱི་དཔལ་འབྱོར་ཁེ་ཕན་ཉི་ཚེ་བ་ཙམ་རེ་ལ་བརྟེན་ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་གལ་ཆེ་བའི་རྩ་དོན་བློས་མ་བཏང་བར་ཚང་མས་ནུས་པ་གཅིག་ཏུ་སྤུངས་ཐུབ་ན། ནམ་ཞིག་བོད་མི་རིགས་ལ་རང་དབང་གི་ཉི་མ་འཆར་ཐུབ་པ་ནི་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། དེར་བརྟེན་མི་རིགས་ཀྱི་བསམ་བློ་བག་འཁུམས་སུ་མི་འགྱུར་བར་རང་ཉིད་ནས་འགོ་བཙུགས་ཏེ་འཐབ་རྩོད་བྱེད་དགོས་པ་དང། བོད་དོན་བདེན་མཐའ་གསལ་ཐུབ་པའི་ཡིད་ཆེས་དེ་དུས་ནམ་ཡང་བརླགས་མི་རུང་།།