རྒྱ་ནག་གི་དམག་མི་རྒྱ་གར་ས་མཚམས་སུ་ཧམ་འཛུལ།

ཊ་ཇི་ཁི་སེ་ཐན་གྱི་གྲོས་ཚོགས་ཀྱིས་ཕྱི་ཟླ་དང་པོའི་ནང་ཡུན་རིང་ས་མཚམས་ཀྱི་རྙོག་འཛིང་དེ་ཕྲན་བུ་ཞི་འཇམ་ཡོང་ཆེད་རྒྱ་ནག་ལ་ས་ཆའི་དུམ་བུ་གཅིག་སྤྲོད་རྒྱུ་ཐག་བཅད་བྱས་ཡོད་པ་དང་། ས་ཆ་དངོས་སུ་སྤྲད་ཉིན་ཕྱི་ཟླ་༩ ཚེས་༢༠ ཉིན་ཡིན་འདུག ཡིན་ན་ཡང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠ ཚེས་༡ ཉིན་གཞི་ནས་མཁོ་སྤྲོད་བྱས་ཡོད་འདུག།

རྒྱ་ནག་གིས་ཊ་ཇི་ཁི་སེ་ཐན་གྱི་ས་ཆ་ཀི་ལོ་མི་ཊིར་གྲུ་བཞི་མ་༡༡༥༨ བདག་བཟུང་བྱས་ཡོད་པ་དང་། དེའི་ནང་ལ་རི་བོ་པར་མིར་འཚུད་ཡོད་པ་རེད། རི་བོ་དེ་ནི་ཊ་ཇི་ཁི་སེ་ཐན་གྱི་ས་ཆ་བརྒྱ་ཆ་༢༠ ཆ་ཚང་རྒྱ་ནག་གྱི་རྩོད་གླེང་ཅན་གྱི་ས་ཆའི་ནང་ལ་ཡོད་པ་རེད།

རྒྱ་ནག་གིས་ད་ལྟ་རྒྱ་གར་དང་འབར་མ་གཉིས་ཀྱི་ས་མཚམས་ལ་དཀའ་རྙོག་བཟོས་བཞིན་ཡོད་པ་དང་། དེ་སྔོན་ཡང་རྩོད་རྙོག་ཆུང་ཆུང་ཞིག་བཟོས་ནས་༡༩༦༢ ལོར་ལ་དམག་བརྒྱབ་ཡོད་པ་རེད།

རྒྱ་གར་གིས་གསར་ལམ་ཁག་ནས་ཁ་སང་བརྗོད་པ་ལྟར་ན། རྒྱ་ནག་གི་དྲག་པོའི་དམག་དཔུང་རྒྱ་གར་གི་ཨ་རུ་ན་ཅལ་མངའ་སྡེ་ཕྱོགས་སུ་གཅིག་ཏུ་སྤུངས་རྒྱུ་དམ་འཛིན་བྱས་ཡོད་པ་དང་། རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་ལོ་འདིའི་ནང་གཅིག་པུར་ད་ལྟའི་ས་མཚམས་ཀྱི་ཐིག་བསྒལ་ནས་ཧམ་འཛུལ་ལན་མང་བྱས་ཡོད་པ་རེད།

ཆུ་བོ་ཡང་ཚེ་ནི་རྒྱ་གར་ཨ་རུལ་ན་ཅལ་ནང་ལ་སེམས་འཁུར་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གི་དམག་མིས་རྒྱ་གར་གྱི་དམག་མིས་ལྕགས་རི་ཞིག་བརྒྱབ་ཡོད་པ་དེ་ཡང་མར་བཤིག་ཡོད་པ་རེད་ཅེས་གསར་ལམ་ཁག་ནས་བརྗོད་པ་རེད།

ཡིག་ཆ་ལ་ཁག་ལ་གཞིར་བཟུང་བྱས་པ་ཡིན་ན། རྒྱ་ནག་གིས་རྒྱ་གར་གྱི་ཤར་ལྷོའི་མཚམས་སུ་ཧམ་འཛུལ་བྱས་པ་མ་ཟད། རྒྱ་ནག་གི་དམག་མིས་མྱུར་ཞིབ་པ་རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་ཨུ་ཏེ་རན་ཁན་ནང་དུ་ཡང་བཏང་ཡོད་པ་རེད། གང་ལྟར་འདས་པའི་ལོ་དགུ་དང་བསྡུར་བ་ཡིན་ན་ད་བར་བྷར་ཧོག་ཏིག་ཐང་ལ་ཧམ་འཛུལ་ཐེངས་བརྒྱད་བྱས་ཡོད་པ་རེད་ཅེས་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།