གྲྭ་སྐལ་བཟང་དབང་ཕྱུག་སྨན་ཁང་དུ་ཁྲིད་འདུག

kalsang wangchuk 02

ཐོག་བརྩེགས་གཉིས་པར་ཡོད་པའི་ནད་པ་གཞན་ཚང་མ་ཕྱིར་ཕུད་བྱས་ཏེ་ཁོང་གཅིག་པུར་ཉེན་རྟོག་པའི་སྲུང་བྱ་དམ་པོ་བྱས་ནས་ཡོད་འདུག་པ་དང་། གོ་ཐོས་སུ་ཁོང་གི་གྲོགས་པོ་ཞིག་ནད་གཡོགས་དང་། དེ་མིན་གྱི་མི་ཁག་ཅིག་ཐུག་ཏུ་བཅུག་ཡོད་ཚུལ་འདུག ཁོང་ལ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་མིན་ནའང་། རང་ལུས་མེར་བསྲེག་གཏོང་བའི་ཉིན་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་རིབ་བརྒྱབས་ནས་ལག་ཆ་འདྲ་མིན་གྱིས་གཅར་རྡུང་དྲག་པོ་བཏང་རྐྱེན་མགོ་ལ་རྨས་སྐྱོན་ཚབས་ཆེ་ཙམ་ཕོག་ཡོད་འདུག

དེ་མིན་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྲྭ་བློ་བཟང་དཀོན་མཆོག་ཉིན་ཤས་སྔོན་འབར་ཁམས་ལ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་དུ་ཡོད་ཅིང་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག འབྲེལ་ཡོད་ཚོ་ཐུག་འཕྲད་བྱེད་འཇུག་གི་མེད་པ་དང་། ཡང་ཁོང་གི་རོགས་པ་གྲྭ་བློ་བཟང་སྐལ་བཟང་ལགས་དེང་སྐབས་སི་ཁྲན་གྱི་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་ཡོད་ཚུལ་དང་། ཁོང་ཉིན་ཤས་སྔོན་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་བསྟན་འདུག་ཅིང་། རྨས་སྐྱོན་ཕོག་པ་ཚབས་ཆེན་མིན་སྐོར་གཤད་འདུག

དེང་སྐབས་རྔ་པ་ཀིརྟི་དགོན་པའི་ཕྱི་རོལ་ཏུ་མཐོང་སྣང་ལ་དམག་མིས་སྐོར་མེད་པ་དང་། གུ་ཡངས་ཀྱི་རྣམ་པ་ཅུང་ཙམ་ཡོད་ཀྱང་། མི་མང་གིས་དེ་ནི་རྒྱ་གཞུང་གི་གཡོ་ཐབས་ཤིག་ཡིན་སྲིད་པའི་དོགས་པ་སྣ་ཚོགས་བྱེད་བཞིན་ཡོད་པ་རེད། དགོན་པའི་ནང་དུ་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་ཁ་ཤས་མུ་མཐུད་ཉིན་མཚན་གཉིས་ཀར་ཡོད་མུས་དང་། དགོན་པའི་ལྕགས་རིའི་ནང་ལོགས་ཀྱི་ཕྱོགས་བཞིར་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་མངགས་གཏོང་ཁང་བཞི་གསར་རྒྱག་བྱེད་བཞིན་ཡོད་འདུག རྔ་པ་རྫོང་མཁར་ལ་ད་དུང་མུ་མཐུད་དམག་མི་དང་ཉེན་རྟོག་པ་དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་དྲགས་ཤུགས་ཆེན་པོ་བྱེད་མུས་ཀྱིས། གཞུང་ལམ་གཡས་གཡོན་གྱི་ཁང་པ་དང་གློག་སྡོང་སོགས་ཀྱི་ངོས་སུ་བརྙན་ཕབ་འཕྲུལ་ཆས་མང་པོ་བཞག་ནས་སྲུང་བྱ་དམ་པོ་བྱས་ཡོད་འདུག རྫོང་མཁར་དུ་ཡོང་སའི་གཞུང་ལམ་ཁག་ལ་ཞིབ་བཤེར་ས་ཚིགས་རེ་རེ་བཙུགས་ཡོད་པ་དང་། ཐོབ་ཐང་ལག་ཁྱེར་སོགས་ལ་རྟོག་ཞིབ་ཀྱིས་ཕར་འགྲོ་ཚུར་འོང་གི་ཡུལ་མི་རྣམས་ལ་སུན་གཙེར་བྱེད་བཞིན་ཡོད་འདུག་པ་བཅས་ཀྱི་གནས་ཚུལ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༦ ཉིན་འགྲེམས་སྤེལ་བྱས་ཡོད་པ་རེད།།