བྷི་བྷི་སིའི་གསར་ཁང་དུ་བོད་སྐད་སྡེ་ཚན་འཛུགས་ཐབས།

ཟླ་འདིའི་ཚེས་༣ ནས་ཉིན་ལྔའི་རིང་དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྔ་རྡ་སར་འཚམས་གཟིགས་སུ་བཅར་ཡོད་པ་དང་། སྐབས་དེར་ཁོང་རྣམས་པས་༧གོང་ས་མཆོག་དང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ། དེ་བཞིན་ཕྱག་འབྲེལ་བཀའ་བློན་རྣམས་པ་བཅས་མཉམ་དུ་མཇལ་འཕྲད་གནང་བ་དང་། བོད་དོན་ཆེད་མུ་མཐུད་རྒྱབ་བསྐྱོར་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་ཕྱི་ཚེས་༧ ཉིན་གྱི་ཞོགས་པ་སྤེལ་སོང་།

སྐབས་དེར་སྐུ་ཚབ་ཚོགས་མི་སྐུ་ཞབས་ཧྥེ་བྷོན་ལགས་ཀྱིས་གསུང་དོན། ༧གོང་ས་མཆོག་དང་མཉམ་དུ་ཕྱི་ཚེས་༤ ཉིན་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་སོང་། སྐབས་དེར་ང་ཚོས་ཁོང་ལ་བོད་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཁག་གཅིག་དབྱིན་ཡུལ་གྱི་མཐོ་སློབ་ཁག་ནང་རྒྱ་རིགས་སློབ་སྦྱོང་བྱེད་མཁན་ཡོད་པ་རྣམས་དང་གཅིག་མཚུངས་བཞིན་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་དང་། རྒྱ་མི་རིགས་གང་མང་ལ་བོད་པའི་གནད་དོན་ངོ་མ་གང་འདྲ་ཡིན་མིན་ཐད་གསལ་བཤད་བྱ་ཐུབ་དགོས་རྒྱུ་གལ་ཆེན་ཡིན་པ་བསམ་ཚུལ་ཞུས་པ་བཞིན་ང་ཚོས་ངོས་ནས་ཀྱང་དེ་དོན་ནུས་པ་འདོན་ཐུབ་རྒྱུ་ལ་འབད་བཙོན་ཞུ་རྒྱུ་ཡིན་ཞེས་ཞུས་པ་ཡིན་ཞེས་བརྗོད་སོང་།

ཁོང་གི་མུ་མཐུད་གསུང་དོན་ BBC ནི་སྤྱིར་བཏང་འཛམ་བུ་གླིང་ནང་དུ་གསར་ཁང་སྙན་གྲགས་ཅན་ཞིག་ཏུ་ངོས་འཛིན་ཡོད་པ་རེད། དེའི་ནང་བོད་པའི་བརྙན་འཕྲིན་སྡེ་ཚན་ཞིག་ཟུར་འཛུགས་ཐུབ་པ་ལ་འབད་བཙོན་ཞུ་རྒྱུ་ཡིན། སྤྱིར་བཏང་ལས་དོན་དེ་སྒྲུབ་ཐུབ་རྒྱུ་ལས་སླ་པོ་ཞིག་མ་རེད་དེ། ང་ཚོས་ངོས་ནས་འབད་བརྩོན་གང་ཐུབ་ཅི་ཐུབ་ཞུ་བསམ་གྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།།