ཆུང་ཆུང་རྙོག་གྲ་ཆེན་པོ་བཟོས་ན་ཡག་པོ་མི་འདུག
ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་༤༢ འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོ་ཞིག་མོན་གྷོ་ས་གནས་གཞོན་ལྷན་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
དུས་དྲན་མཛོད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་གཉིས་ཀྱི་གཙོས་མོན་གྷོ་ས་གནས་ཀྱི་ལས་སྣེ་བ་ཡོངས་དང་། དེ་བཞིན་གཞིས་གྲོང་དང་གྲྭ་ཚང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་དང་མི་མང་བཅས་ཕེབས་ཡོད་པ་རེད། དེ་ཡང་ཐོག་མར་སྐུ་མགྲོན་རྣམ་གྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྒྱལ་ཞེན་དང་སྙིང་སྟོབས་ལ་ཡི་རངས་རྗེས་དྲན་དང་མྱ་ངན་གུས་འདུད་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་བྱས་རྗེས། ས་གནས་གཞོན་ནུའི་ཚོགས་གཞོན་པདྨ་ཚེ་རིང་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོ་སྤྲོད་དང་སྦྲགས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་སོང་།
ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཞོན་ནུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་འགོ་ཚུགས་ནས་ད་ལྟའི་བར་གཞོན་ནུའི་མཐུན་གཞས་ནང་ན་ཡོད་ལྟར་དང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་སྐྱ་སེར་གཉིས་ཀྱི་ངོས་ནས་སྤྱི་ཚོགས་ནང་ང་ཁྱོད་དབྱེ་བ་མེད་པའི་ཐོག་ནས་ཞབས་ཞུ་བྱེད་སྟངས་དང་སྒྲིག་གཞི་ཁུར་སྟངས་དེ་ཚོ་སྐབས་དེ་དུས་ཧ་ཅང་ཡག་པོ་ཡོད་པ་རེད། ཡིན་ནའང་དེ་རིང་སང་ཉིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དོགས་ཙམ་མ་འདྲ་བ་ཞིག་ཆགས་ཀྱི་འདུག་དྲན་སོང་། ཁ་ནས་བཤད་ཀྱི་དང་ལག་ལེན་བྱེད་ཕྱོགས་གཉིས་ལོགས་སུ་ཆགས་ཀྱི་ཡོད་པ་འདྲ་ཞིག་མཐོང་གི་འདུག ཁ་ནས་གཅིག་སྒྲིལ་དང་འཆམ་མཐུན་ལབ་ཀྱི་འདུག ཡིན་ན་ཡང་ལས་ཀ་བྱེད་སྐབས་མགོ་མཇུག་ལོགས་ནས་དོན་དག་ཆུང་ཚགས་ཤིག་གི་ཐོག་ལ་ལུང་ཚན་དང་ཡང་ན་སྡེ་ཚན་ཕྱོགས་ཁག་སྒྲིག་གི་འདུག དེ་ཡང་དོན་དག་ཆུང་ཆུང་ཞིག་རྙོག་གྲ་ཆེན་པོ་ཞིག་བཟོས་ནས་རྒྱ་གྲགས་བོད་གྲགས་བྱེད་ཀྱི་འདུག དེ་ཚོ་ཚང་མ་གཞོན་ནུའི་དམིགས་ཡུལ་དང་མཐུན་གཞས་སོགས་ཀྱི་ནང་ན་ཡོད་པའི་འཐབ་ཕྱོགས་གཅིག་འགྱུར་སོགས་ཚིག་ཙམ་མ་གཏོགས། དོན་དངོས་ཐོག་ང་ཚོ་ཕྱི་ལ་ཡོད་པ་ཚོའི་དེ་རིང་སང་ཉིན་གཤིས་སྤྱོད་ལ་བལྟས་ན་སྤྱི་བའི་སྡིངས་ཆའི་ཐོག་ཞབས་སྟེགས་རག་རྒྱུའི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་དང་རིག་གཞུང་སྲུང་སྐྱོབ་གཞིས་བྱེས་མཉམ་འཛོམས་དགོས་སྐོར་བཤད་པ་ཙམ་ལས། དོན་དངོས་ཐོག་རང་དོན་ཆུང་ཆུང་ཞིག་གི་ཆེད་དུ་འཁོན་འཛིན་ཆེན་པོ་བཟོ་བ་སོགས་འདས་པའི་ལོ་ཁ་ཤས་ནང་ལས་འགུལ་དེའི་རིགས་ཤུགས་ཆེ་རུ་འགྲོ་བཞིན་འདུག རྒྱལ་ཁབ་དང་མི་རིགས་རྩ་མེད་བཟོ་མཁན་ཕར་ཕྱོགས་ལ་བཞག ནང་ཁུར་བྱེད་རྒྱུ་འབེལ་པོ་ཡོད་མདོག་མདོག་བཤད་བསྡད་པ་ཡིན་ན་ཉིན་གཅིག་ང་ཚོ་ངོ་ཚ་དགོས་པ་ཏན་ཏན་ཆགས་ཀྱི་རེད། གང་ལྟར་ཆོས་དང་ཆབ་སྲིད་གང་ཞིག་ལ་ཁ་གཡར་ནས་ཆིག་སྒྲིལ་དང་འཆམ་མཐུན་གཏོར་བཤིག་བྱེད་མཁན་ཚོ་ལ་ཚང་མའི་ཡིད་གཟབ་བྱེད་དགོས་པ་མ་ཟད། དོན་དངོས་ཐོག་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པ་ཡིན་ན། མཐུན་ལམ་དེ་ང་དང་ངའི་ཁྱིམ་ཚང་། དེ་བཞིན་ངས་གཞིས་ཆགས་ནས་འགོ་འཛུགས་བྱེད་དགོས་པ་ཞིག་རེད་ཅེས་གསུངས་སོང་།།
དེ་བཞིན་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། ཕྱི་ལོ་༡༩༧༧ ནས་ད་ལྟའི་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ང་ཚོའི་དགྲ་བོ་རྒྱ་མར་གྱི་སྙིང་ལ་ན་ཚ་བཟོ་བྱེད་ཅིག་ཆགས་ཀྱི་ཡོད་པ་མ་ཟད། བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཐོག་འཛམ་གླིང་གི་ས་ཕྱོགས་གང་སར་སྙིང་སྟོབས་ཞུམ་མེད་ཐོག་ཕྱག་ལས་གནང་དང་གནང་བཞིན་ཡོད་པ་འདི་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་དང་། མ་འོངས་པར་ཡང་དེ་ལྟར་གནང་དགོས་པ་གལ་ཆེན་པོ་རེད། ད་ལྟའི་སྐབས་བོད་ནང་གི་རང་ལུས་མེར་བསྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཚོའི་རྒྱ་ནག་དམར་གཞུང་གིས་དྲག་གནོན་བྱེད་ཕྱོགས་དེ་དག་ལ་འ་ཆད་འུ་ཐུག་ནས། ལས་འགུལ་དེ་དག་མི་སྤེལ་ཀ་མེད་བྱུང་ནས་རང་ལུས་མེར་བསྲེག་གཏོང་གི་ཡོད་པ་ང་ཚོ་ཤེས་དགོས་པ་གལ་ཆེན་པོ་རེད། གཞན་སྦྱར་ཡིག་འགྲེམས་སྤེལ་དང་ངོ་རྒོལ་སྐད་འབོད་སོགས་བྱས་པ་ཡིན་དམྱལ་བ་མི་ཡུལ་ལ་སླེབས་པ་ལྟ་བུའི་སྡུག་བསྔལ་མྱོང་གི་ཡོད་པ་རེད། རང་ལུས་མེར་བསྲེག་གི་ལས་འགུལ་དེ་ལྟར་མི་སྤེལ་ཀ་མེད་བྱུང་བ་རེད། དེ་འདྲ་ཡིན་དུས་ང་ཚོ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཁ་ཙམ་གྱི་ལབ་ཀྱི་དེ་གལ་ཆེན་པོ་མ་རེད། སྤྱིར་བཏང་གི་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཟེར་བ་དེ་སེམས་གཏིང་ནས་སླེབ་དགོས་པ་ཞིག་རེད་མ་གཏོགས། ཁ་བཤད་ཙམ་གྱིས་ལབ་བསྡད་ན་ཕན་ཐོགས་གང་ཡང་མེད་པ་གསལ་པོ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་སྤྱིའི་རྩ་དོན་ལ་བསམ་བློ་བཏང་བའི་ཐོག་གཞོན་སྐྱེས་ཚོའི་སེམས་ནང་རྒྱལ་ཞེན་བསྐྲུན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་གཞིས་ལས་མི་མང་གི་སྙིང་སྟོབས་དང་ཆོད་སེམས་ལ་སེམས་གཏིང་གི་གདུང་སེམས་མཉམ་བསྐྱེད་དང་སྦྲགས་བོད་དོན་འཐབ་རྩོད་དང་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁྱབས་བསྒྲགས་ག་འདྲ་བྱེད་དགོས་མིན་སོགས་ཀྱི་ཐད་བསམ་བློ་གཏིང་ཟབ་གཏོང་དགོས་པ་ཞིག་རེད་ཅེས་གསུང་བཤད་གནང་སོང་།།
མོན་གྷོ་གསར་འགོད་པས།