བལ་ཡུལ་སྲིད་བློན་གྱིས་“ང་མི་མང་དང་མཉམ་དུ་ཡོད་”ཅེས་བརྗོད།
དེ་ཡང་ཉེ་ཆར་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་ལ་རྒྱལ་ནང་གི་དམར་ཕྱོགས་མའོ་རིང་ལུགས་པའི་འགོ་ཁྲིད་གཉིས་པ་སྐུ་ཞབས་བྷ་བྷུ་རམ་གསར་དུ་འདེམས་བསྐོ་བྱུང་བ་དང་། ཁོང་གིས་གཞུང་གི་རྒྱས་སྤྲོས་ཅན་གྱི་རླངས་འཁོར་བེད་སྤྱོད་མ་བཏང་བར། བལ་ཡུལ་ནང་ཁུལ་ནས་སྒྲིག་སྦྱོར་བྱས་བའི་རིན་གོང་ཆུང་ལ་སྤྱིར་བཏང་གི་བཟོ་དབྱིབས་ལྡན་པའི་རླངས་འཁོར་ Musthang ཞེས་པ་འདམས་ནས་བེད་སྤྱོད་གཏོང་བཞིན་པ་དང་། རྗེས་སུ་སྲིད་བློན་གྱི་གློག་འཕྲིན་ཁ་བྱང་bhattaraibaburam@gmail.com སྤྱི་ཚོགས་ནང་བཀྲམ་ནས། སྲིད་བློན་སྐུ་བཅར་ལས་རོགས་པཎ་ཏྲེ་ནས་བརྗོད་དོན། རྒྱལ་ཁབ་དང་མི་སེར་སོགས་གང་ཅིའི་བདེ་སྡུག་དང་བསམ་ཚུལ་གང་ཡོད་ཐད་ཀར་ཁ་བྱང་དེའི་ཐོག་གློག་འཕྲིན་བཏང་ན། སྲིད་བློན་ལ་མཛད་བྲེལ་མེད་དུས་སྲིད་བློན་གྱིས་བལྟ་བ་དང་མཛད་བྲེལ་ཡོད་དུས་སྐུ་བཅར་ལས་རོགས་ཚོས་བལྟ་རྒྱུ་ཡིན་པས། དུས་མཚམས་གློག་འཕྲིན་ཐོག་ལན་འདེབས་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད།
དེ་ནས་ཉེ་བའི་ཆར་སྲིད་བློན་གྱིས་བལ་ཡུལ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས། ཨ་རིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་བསྐྱོད་སྐབས་རྒྱས་སྤྲོས་མ་ཡིན་པའི་སྤྱིར་བཏང་གནམ་གྲུར་བསྡད་ནས་བསྐྱོད་ཡོད་པ་དང་། སྐབས་དེར་ཁོང་གིས་ང་ནི་མཐའ་ཁུལ་གྲོང་གསེབ་ནས་སྐྱེས་པའི་བལ་ཡུལ་གྱི་མི་སེར་ཡིན་པས། བལ་ཡུལ་གྱི་མི་སེར་མང་ཆེར་བས་རོལ་མི་ཐུབ་པའི་རྒྱས་སྤྲོས་ལ་ངས་ཀྱང་རོལ་འདོད་མེད། མ་ཟད་ད་ལྟའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ལ་དམིགས་ནས་ངས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་སྤྱིར་བཏང་གི་གནམ་གྲུར་བསྐྱོད་རྒྱུ་ཡིན་ཞེས་བཤད། དེ་ལྟར་རྒྱས་སྤྲོས་ལྡན་པའི་གནམ་གྲུའི་འཛིན་བྱང་རིན་གོང་ནི་སྤྱིར་བཏང་གི་གནམ་གྲུའི་འཛིན་བྱང་གི་རིན་གོང་ལས་ལྡབ་གསུམ་ཙམ་མཐོ་བ་ཡོད་པ་རེད།
རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཕྱིར་འབྱོར་རྗེས་ཕྱི་ཚེས་༢ ཉིན་སྲིད་བློན་མཆོག་གིས་བལ་ཡུལ་གཞུང་གི་རླུང་འཕྲིན་བརྒྱུད་མི་སེར་དང་མཉམ་ཁ་པར་འཕྲིན་ལམ་ནས་གླེང་མོལ་དང་། དྲི་བ་དྲིས་ལན་གྱི་ལས་རིམ་ཐད་ཀར་རྒྱང་བསྲིངས་བྱས་ཡོད་ལ། གཞུང་གི་རླུང་འཕྲིན་ཁང་གིས་ཁོང་ཚོས་མ་འོངས་བར་ལས་རིམ་དེ་ཟླ་རེར་ཐེངས་རེ་གོ་སྒྲིག་བྱེད་རྒྱུ་ཡིན། སྐབས་དེར་ཐད་ཀར་སྲིད་བློན་དང་གླེང་མོལ་དྲི་བ་བྱེད་སའི་ཁ་པར་ཨང་གྲངས་ནི་4211721 དང་ 4211736 ཡིན་སྐོར་བཤད་ཡོད་པ་རེད། དེ་ལྟར་བལ་ཡུལ་གྱི་སྲིད་བློན་གསར་པས་ཉེ་བའི་ལས་ཁུར་རིང་རྒྱལ་ཁབ་ཀྱི་ཞི་འགྲིག་ཡར་རྒྱས་དང་། ལྷག་དོན་གཞི་རིམ་གནས་སྟངས་དང་བསྟུན་ཆབ་འབངས་མི་སེར་ཚོའི་བདེ་སྡུག་དང་འབྲེལ་བའི་མཛད་འཆར་སྐོར་ལ་སྤྱི་ཚོགས་ཁྲོད་དོ་སྣང་དང་བག་ཆགས་ཟབ་མོ་བསྐྲུན་ཡོད་པ་རེད། དོ་སྣང་གླེང་མོལ་ཡང་ཤུགས་ཆེན་ཡོང་བཞིན་པ་རེད།
{jcomments on}