རྒྱ་མཚོ་ཆུ་ཐིགས་ཀྱི་ལས་འགུལ།
དངོས་གཞིའི་ལག་བསྟར།
ལས་འགུལ་འདི་ཉིད་དངོས་གཞི་ལག་ལེན་བསྟར་བར་རང་རེ་ཚང་མས་དང་བས་ཀུན་ནས་བསླངས་ཏེ། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། ཟླ་བ་གཅིག་གི་ནང༌། ཉིན་གཅིག་གི་དགོང་ཟས་སྤོང་བ་དང་སྟབས་ཅིག་དེ་ཡི་དོད་མཚོན་བོད་མི་རེ་རེས་ཟླ་རེར་ཧིན་སྒོར་ ༣༠ རེ། བོད་སྤྱི་པའི་དོན་དུ་ཞལ་འདེབས་འབུལ་རྒྱུ་དེ་ཡིན། དེ་ཡང་ཟླ་རེའི་བོད་ཚེས་བཅོ་ལྔ་ནམ་ཡིན་ལ་དགོང་ཟས་སྤོང་བ་དང་སྟབས་ཅིག་གཤམ་གསལ་གྱི་དགོས་དམིགས་རྣམ་གཉིས་ཕ་མ་དང་རྒན་རབས་རྣམས་ནས་འབྱུང་འགྱུར་སོན་རྩར་འགྱུར་བ་རྣམས་ལ་སློབ་གསོ་ངེས་པ་འདྲོངས་པ་རེ་སྐུལ་ལྕག་གི་ཚུལ་དུ་འགྲེལ་བརྗོད་ཞུ་དགོས་པ་ཡིན།།
དགོས་དམིགས།
དང་པོ། དགོང་ཟས་སྤོང་བའི་ཉིན་དེར་ནང་མི་ཕན་ཚུན་དབར་བོད་ཀྱི་འདས་དང་ད་ལྟའི་གནས་སྟངས་སྐོར་དྲན་གསོ་དང༌། སྐུལ་ལྕག བགྲོ་གླེང༌། སློབ་གསོ་བཅས་ཀྱི་བརྒྱུད་ནས་སེམས་ཤུགས་སྔར་བས་ཇེ་ཆེར་དང༌། ལྷག་བསམ་སྔར་བས་ཇེ་གཙང་འོང་ཐབས་ལ་འབད་འབུངས་ཞུ་རྒྱུ། ཚིག་གཞན་ཞིག་ནང་ཞུས་ན་རང་གི་གནས་སྟངས་རང་གིས་གསལ་པོར་ངོ་འཕྲོད་པ་ཞུ་རྒྱུ་དེ་ཡིན།།
གཉིས་པ། རང་གིས་དགོང་ཟས་སྤོང་བའི་བརྒྱུད་ནས་ད་ལྟའི་གནས་སྐབས་སུ་ང་ཚོས་བོད་དེ་མ་བརྗེད་ནའང༌། དེ་ཙམ་གྱིས་བློ་ཡིད་ཚིམས་པར་མ་བྱས་ཏེ་འབྱུང་འགྱུར་སོན་རྩར་འགྱུར་བ་རྣམས་ད་ལྟའི་མི་རབས་ཀྱི་རྗེས་མཐུད་ཚུལ་བཞིན་འོང་བ་ལའང་རང་ངོས་ནས་རྒྱ་མཚོ་ཆུ་ཐིགས་ཀྱི་དཔལ་འབྱོར་མཐུན་རྐྱེན་འདི་ཉིད་གལ་ཆེན་ཡིན་པ་ཤེས་པར་བྱས་ཏེ་དགོང་ཟས་ཀྱི་དོད་དངུལ་དེ་ཡིས་རང་རེའི་ཤེས་ཡོན་ལ་ཕན་ཡོན་ཇི་ཙམ་འབྱུང་སྐོར་དྲན་སྐུལ་ཞུ་རྒྱུ་དེ་ཡིན།།
མདོར་བསྡུས་ཏེ་ཞུས་ན། གོང་གསལ་ངོ་སྤྲོད་དང༌། དངོས་གཞིའི་ལས་རིམ། དགོས་དམིགས་རྣམ་གཉིས་ཐུགས་ངེས་ཐོག་ནས་རྒྱ་ཆེ་མང་ཚོགས་གང་མང་མང་ནས་ལས་འགུལ་འདིར་མཉམ་ཞུགས་གནང་བར་འབོད་སྐུལ་ཞུ་བཞིན་ཡོད། དེ་ལྟར་ལས་འགུལ་འདིར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་གནང་ཐུབ་ཚེ་གཅིག་ནས་ྋརྒྱལ་བ་དོན་གྱི་བདག་པོས་དུས་ཡུན་རིང་མོ་ཞིག་ནས་དགོངས་པ་བཞིན་བོད་ཕྲུག་ཚོའི་ཤེས་ཡོན་སྤྱི་དང་བྱེ་བྲག་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་མི་ཉུང་བ་ཞིག་བསྐྲུན་རྒྱུའི་མཐུན་རྐྱེན་དུའང་འགྱུར་ངེས། ལར་ནས་དེང་གི་དུས་སུ་ནུབ་ཕྱོགས་ཀྱི་རོགས་རམ་ཇི་སྙེད་ཅིག་ནི་བརྒྱ་ཆ་མི་ཉུང་བ་ཞིག་རོགས་རམ་གང་ལ་གནང་ཡུལ་དེ་ཡིས་མཁོ་སྒྲུབ་བྱེད་དགོས་པ་དང༌། དེ་ཡི་ལྷག་འཕྲོ་སྦྱིན་བདག་ནས་སྩལ་རྒྱུའི་ལག་ལེན་ཞིག་དར་དང་དར་བཞིན་པའི་གནས་སྐབས་འདིར་སྔར་རྒྱལ་བ་དོན་གྱི་བདག་པོའི་གསང་གསུམ་གྱི་མཛད་འཕྲིན་ལ་བརྟེན་ནས་རོགས་རམ་ཐོབ་པ་བཞིན་དུས་རྟག་ཏུ་ཐོབ་རྒྱུ་ནི་ཇེ་དཀའ་ནས་ཇེ་དཀར་འགྱུར་བཞིན་པ་ལགས་སོ། །དེ་ལྟའི་གནས་སྐབས་སུ་རང་རེའི་རྒྱ་མཚོ་ཆུ་ཐིགས་ཀྱི་ལས་འགུལ་འདི་ཉིད་ཤིན་ཏུ་རྔོ་ཐོགས་པར་འོང་བར་གདོན་མི་ཟ།།
འཛམ་གླིང་གི་འགྱུར་ལྡོག་ནི་འདོ་བ་རྟས་ཀྱང་རྗེས་ཟིན་ཐབས་མེད་པའི་གནས་སྐབས་འདིར་ང་ཚོས་ཀྱང་རང་ངོས་ནས་དང་དུ་བླངས་ཏེ་ལས་འགུལ་ཇི་སྙེད་ཅིག་དུས་དང་འཚམ་པར་གོ་སྒྲིག་ཞུ་མ་ཐུབ་ན་འབྱུང་འགྱུར་མི་རབས་ཚོ་ས་སྟེང་འདི་ནས་ཡལ་བའི་ཉེན་ཁ་ཡང་མཆིས། དེར་བརྟེན་རྣམ་དཔྱོད་ཡོད་མཁན་རྣམས་ནས་རྣམ་དཔྱོད་དཀྲུགས་ཏེ་སྤྱི་ཡི་འགན་འཁུར་དགོས་ཤིང༌། དེ་བཞིན་དཔལ་འབྱོར་ཡོད་མཁན་རྣམས་ནས་རང་གི་རྒྱུ་ནོར་བོད་སྤྱི་ཡི་དོན་དུ་སྤུངས་དགོས་པའི་དུས་ལ་བབས་ཡོད། ང་ཚོ་བྱིངས་རྣམས་ནི་འདི་ལྟ་བུའི་སྟབས་བདེ་ལ་ཚེགས་ཆུང་ཞིང༌། བྱེད་ཐུབ་པའི་ལས་འགུལ་འདི་རིགས་ལ་རྒྱབ་གཉེར་འབྲེལ་མཐུད་གནང་བ་ནི་ཕྱོགས་གང་ནས་སེམས་ཀྱང་མ་འོས་མི་འཚམ་པ་མ་མཐོང༌། འདས་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་སྐུ་ན་གཞོན་ལ། ཤེས་ཡོན་དང་དཔལ་འབྱོར་གྱིས་མི་དམན་པ་ཇི་སྙེད་ཅིག་དང་བླངས་སུ་ཞུགས་ཐུབ་པ་བྱུང་བ་རང་རེའི་མངོན་སུམ་དུ་གྱུར་ཅིང༌། ང་ཚོའི་རེ་བར་འབྱུང་འགྱུར་བཀའ་བློན་ཁྲི་པ་ལྟ་བུའི་གོ་གནས་འདི་རིགས་ཐད་ལས་འགུལ་འདིས་རྐྱེན་པས་རིག་བློ་བཟང་ལ་སེང་གེའི་དཔའ་རྩལ་ལྡན་པ་ད་ལྟ་བས་ཀྱང་མང་བར་བསྐྲུན་ཐུབ་པར་སྨོན།།
ལས་འགུལ་འདི་ཉིད་རྩོམ་པ་པོ་ནི་གུས་ཤིས་ལོང་བ་བཀྲ་ཤིས་སྟོབས་རྒྱས་དང༌། ལས་རོགས་ཤིས་ལོང་བ་ཐུབ་བསྟན་ཡེ་ཤེས་དང༌། ཌོ་ལན་ཇི་པ་བློ་ལྡན་ཉི་མ་རྣམ་གསུམ་ཡིན། ལས་འགུལ་འདི་ཉིད་སྤྱི་ཚོགས་ནང་འབྲེལ་མཐུད་ཞུ་ཕྱིར་ང་ཚོ་གསུམ་ནས་རྒྱགས་རང་འཁུར་བྱས་ནས་ས་གནས་གང་མང་མང་ལ་བསྐྱོད་རྒྱུ་དང༌། ལས་འགུལ་རྩོམ་པ་པོ་རྣམ་གསུམ་ཇི་སྲིད་འཚོ་བའི་བར་ལས་འགུལ་འདི་ཉིད་རང་གི་མི་ཚེའི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱས་ཏེ་རང་ངོས་ནས་ལག་ལེན་ལ་ཐོག་མར་ལོ་༢༠༡༡ཟླ་༧ཚེས་༦་ནས་འགོ་འཛུགས་ཞུས་པ་དང་ཆབས་ཅིག་བློ་མཐུན་ཀུན་གྱིས་ལས་འགུལ་འདིར་འཛུལ་ཞུགས་དང་རྒྱབ་སྐྱོར་འོང་བའི་འབོད་སྐུལ་ཡང་ཞུ་བ་ལགས་སོ། །ཟས་དོད་དངུལ་རྣམས་ཇི་ལྟར་བྱས་ཏེ་བོད་སྤྱི་པར་འབུལ་དགོས་ཐད་རང་གཞུང་མཛད་གཙོ་རྣམས་དང་འབྲེལ་བ་ཞུས་ནས་བཏབ་སར་སྨིན་པ་བྱེད་རྒྱུ་མ་གཏོགས་ལས་འགུལ་རྩོམ་པ་པོ་དང་ཟས་དོད་དངུལ་འབོར་དབར་ཐེ་ཇུས་རྩ་བ་ནས་ཞུ་རྒྱུ་མིན་པའི་དམ་བཅའ་སེམས་ཀྱི་ཡེ་ཤེས་སུ་ཕུལ། །བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༠༦ ལ།། བཀྲ་ཤིས་པར་གྱུར་ཅིག།
ལས་འགུལ་བ།
བཀྲིས་སྟོབས་རྒྱས། ༼ཤེས་ལོང༽ ཁ་དཔར་ཨང།༩༧༧༤༠༠༨༠༡༩།༨༥༧༥༩༨༡༧༣༩
ཐུབ་བསྟན་ཡེ་ཤེས།༼ཤེས་ལོང༽ཁ་དཔར་ཨང།༩༨༦༢༩༩༢༠༨༦།
བློ་ལྡན་ཉི་མ།༼ཌོ་ལན་ཇི༽ཁ་དཔར་ཨང།༩༨༡༦༣༨༧༡༧༢།
Email:gyatsochuthik@gmail.com
www.gyatsochuthik.blogspot.com