ཨ་མདོ་རྔ་པ་ནས་མཁའ་དབྱིངས་ལགས་སྐུ་གྲོངས་འདུག
དེ་ཡང་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠ ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་བུ་ཆོས་འཕེལ། རང་ལོ་ ༡༩ ཡིན་པ་ཁོང་དང་། མཐའ་བ་གོང་མའི་གསོང་པོ་ཚང་གི་སྐལ་བཟང་གི་བུ་མཁའ་དབྱིངས་༼ཁག་ཅིག་གིས་བཤད་ན་ཁོང་གི་མིང་ལ་ཀློང་ཡངས་རེད་ཟེར་གྱིན་འདུག༽རང་ལོ་༡༨ ཡས་མས་ཤིག་ཡིན་པ་ཁོང་གཉིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་ལ་མེ་སྦར་ཞིང་། ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་འདུག སྐབས་དེར་རྒྱ་ནག་གཞུང་གིས་ཉེན་རྟོག་པ་སོགས་ཀྱིས་ཁོང་གཉིས་ཀྱི་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་མང་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་པ་དང་། ཉེན་རྟོག་པ་རྣམས་ཀྱིས་ཡར་སྨན་ཁང་ནང་ལ་ཁྲིད་ནས་འགྲོ་སྐབས་མཁའ་དབྱིངས་ཀྱིས་ཁུ་ཚུར་གནམ་ལ་འཕྱར་ནས་བོད་དོན་འབོད་སྒྲ་བསྒྲགས་ཡོད་འདུག ཁོང་གཉིས་ཀ་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང་རྗེས་སུ་སྐྱ་སར་བབ་ཡོད་འདུག
ཟླ་༡༠ ཚེས་༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཀྱི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ལགས་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཅིང་། འབྲེལ་ཡོད་མི་མང་གིས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་ཚུལ་གྱི་རེ་འདུན་ཤུགས་ཆེ་བཏོན་ཡང་རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་ཉིན་དེ་རང་ལ་འབར་ཁམས་ནས་ཁོང་གི་སྐུ་ཕུང་མེར་བསྲེག་ཡོད་པ་རེད།
དེ་བཞིན་ཁོང་མ་གྲོངས་གོང་སྨན་ཁང་ནས་ངས་འདི་ལྟར་རང་སྲོག་བོད་དོན་ཆེད་གཏོང་ཐུབ་པ་དེས་རང་ཉིད་འདོད་པ་ཁེངས་པ་བྱུང་ཡོད་ཅིང་། འགྱོད་པ་རྩ་བ་ནས་མེད་པས་ཚང་མས་སེམས་སྡུག་མ་གནང་རོགས་ཞེས་གསུངས་ཡོད་འདུག
མཁའ་དབྱིངས་ལགས་ནི་ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་གིས་དམར་གསོད་བཏང་བའི་མཐའ་བ་གོང་མའི་རྩེ་ཕྲུག་ཚང་གི་བཀྲ་ཤིས་ཀྱི་ཚ་བོ་ཡིན་པ་དང་། དེང་སྐབས་རྔ་པ་རྫོང་ལ་དམ་དྲག་ཤུགས་ཆེ་ཡོད་མུས་ཐོག་སྔར་བས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག རྒྱ་ནག་གཞུང་གིས་དམག་མི་གང་སར་འགྲེམས་འཇོག་བྱས་ཏེ་དྲག་གནོན་གྱི་གྲ་སྒྲིག་ཡོད་པར་བརྟེན། མི་མང་སྐྱོ་གདུང་དྲག་པོའི་ཉེན་ཁའི་གནས་སུ་ཡོད་པ་མ་ཟད། ཛ་དྲག་དང་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་བཞིན་ཡོད་འདུག ཕྱི་ཟླ་༡༠ ཚེས་༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༢ ཙམ་ལ་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་མཁན་ཆོས་འཕེལ་ལགས་ཀྱང་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་དུ་གྲོངས་ཡོད་པ་དང་། སྔར་བཞིན་འབྲེལ་ཡོད་ཚོས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་འདུག་ཀྱང་སྤྲད་མེད་པ་རེད།
དགོན་པ་དང་སྡེ་བ་བཅས་སུ་རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་སྟེ། དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། བསྔོ་སྨོན་ཆེད་གྲྭ་བཙུན་མང་པོ་མཉམ་འཛོམས་མི་ཆོག་ཅེས་ཤི་བོའི་ནང་མིའི་མཐའ་འཁོར་དུ་ཡང་སྐོར་སྲུང་བ་བསྡད་ཡོད་པ་རེད།།
དེ་མིན་འདི་ནས་ཡར་བརྩིས་པའི་ཉིན་ཤས་རིང་རྔ་པའི་རྫོང་མཁར་སོགས་ལ་ར་མའི་སྐེ་ལ་བོད་དོན་གྱི་ཡི་གེ་བཏགས་ནས་ཐེངས་མང་བཏང་ཡོད་པར། ཉེན་རྟོག་པ་རྣམས་ཀྱིས་ར་མ་ཡང་འཛིན་བཟུང་བྱེད་ཀྱིན་ཡོད་འདུག་པ་སོགས་དགོད་བྲོ་བའི་གཏམ་བརྒྱུད་མང་པོ་ཡོང་གི་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་སྐལ་བཟང་དབང་ཕྱུག་ལགས་རྔ་པ་རྫོང་མི་མང་སྨན་ཁང་དུ་ཡོད་ཀྱང་ད་ལྟ་ནས་ཉེན་རྟོག་པ་སོགས་ཀྱིས་འདྲི་གཅོད་སྣ་ཚོགས་བྱས་ཏེ་གཅར་རྡུང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་གི་ཡོད་འདུག་ཅེས་རྡ་རམ་ས་ལ་ནས་གནས་ཚུལ་སྤེལ་ཡོད་པ་རེད།
{jcomments on}