བོད་རྒྱ་ཞི་མོལ་ཡོང་ཐབས་ལ་བསམ་ཤེས་དགོས།
ཚེས་༡༡ ཉིན་གྱི་སྔ་དྲོ་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བཞིའི་ཐོག་ཉིན་བདུན་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་མོན་གྷོ་ས་གནས་གཞིས་གྲོང་གསུམ་པའི་གཞུང་ལམ་ཉེ་འགྲམ་དུ་འགོ་བཙུགས་ཡོད་པ་དང་། དེ་ཡང་ཟས་བཅད་ངོ་རྒོལ་ལས་འགུལ་གྱི་དགོས་འདུན་དོན་ཚན་ཁག་ནང་འཁོད་དོན། དང་པོ། རྒྱ་དམར་གཞུང་གི་བཙན་འཛུལ་འོག་བོད་མི་རིགས་དང་། རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་མཆོད་མེར་སྦར་མཁན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག སྐལ་བཟང་དབང་ཕྱུག དེ་བཞིན་མི་སྐྱ་ཆོས་འཕེལ་དང་མཁའ་དབྱངས་བཅས་ཀྱི་གཙོས་རྒྱལ་གཅེས་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད་དང་། གཞིས་ལུས་རྒྱ་ཆེའི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ།
གཉིས་པ། ཕྱི་ལོ་༢༠༠༨ ནས་བཟུང་ཛ་དྲག་གི་ལས་འགུལ་རྒྱུན་མ་ཆད་པའི་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། རང་དབང་ཅན་གྱི་གསར་འགོད་པ་རྣམས་བོད་ནང་ངེས་པར་དུ་ཕེབས་ཆོག་པ་བྱ་རྒྱུ། གསུམ་པ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་གཙོས་བོད་ནང་གི་ཆབ་སྲིད་བཙོན་མ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ།
བཞི་བ། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་དབུ་མའི་ལམ་གྱི་དགོངས་དོན་གཞིར་བཟུང་ཐོག་ཕན་ཚུན་ལ་གོ་ཤེས་བསམ་ཤེས་བྱ་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་ཁག་དང་མཇལ་མོལ་གྱིས་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་ངེས་པར་དུ་བསམ་ཤེས་དགོས། ཞེས་འཁོད་པ་ཡོད་པ་རེད།
གཞན་ཡང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདིའི་ནང་མཉམ་ཞུགས་བྱེད་མཁན་ཚང་མ་དྭང་བླངས་ཐོག་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། ཉིན་དང་པོའི་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་སེར་སྐྱ་༡༤ ཡོད་པ་རེད།།
མོན་གྷོ་གསར་འགོད་པས།