གནས་ཚུལ་གོ་ཐེངས་རེར་བཤད་མི་ཤེས་བའི་ཚོར་སྣང་ཡོང་གི་འདུག
ཁྲུམས་ཟླའི་ཚེས་ཆེན་བཅོ་ལྔར་ཁེལ་བའི་ཕྱི་ཚེས་༡༡ ཉིན་གྱི་དགོང་དྲོར་རྒྱལ་ས་ཀཱ་ཐ་མན་ཀྲུ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག བལ་ཡུལ་དུ་བོད་མི་ཚོས་འཇོ་ལ་ཁེལ་གཞི་ཆགས་སུ་བོད་ནང་བོད་མི་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་སྐུ་ལུས་མེ་ལ་བསྒྲོན་པའི་གནས་ཚུལ་བསྟུན་མར་བྱུང་བཞིན་པའི་ཛ་དྲག་གནས་སྟངས་དང་། གཞི་ལུས་རྒྱལ་གཅེས་དཔའ་བོ་ཚོའི་ཆེད་མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་གྱི་ལས་འགུལ་སྤེལ་ཞིག་ཡོད་པ་རེད།
སྐབས་དེར་བོད་མི་བརྒྱ་ཕྲག་བརྒལ་བ་འཛོམས་ཡོད་པ་དང་། ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་དབང་སྒྲོལ་མ་ལགས་ནས་བརྗོད་དོན། གཞི་ལུས་བོད་མིར་སྙིང་སྟོབས་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་པར་དུས་རྒྱུན་བལྟས་ཡོད་ལ་སེམས་ལ་ཉར་ཡོད། ཉིན་འདི་ཚོར་བོད་ནས་སྐུ་ལུས་མེ་ལ་བསྒྲོན་པའི་གནས་ཚུལ་གོ་ཐེངས་རེར་སེམས་སྡུག་ཚད་མེད་དང་བཤད་མི་ཤེས་བའི་ཚོར་སྣང་ཡོང་གི་འདུག། བོད་མི་ཁོང་ཚོས་རང་གི་གཅེས་པའི་ལུས་སྲོག་ཕངས་མེད་མེ་ལ་བསྒྲོན་པ་འདིས་རྒྱ་ནག་གིས་ཚད་ལས་བརྒལ་བའི་དམ་དྲག་བྱས་པའི་བོད་ནང་གི་གནས་སྟངས་དངོས་བསྟན་པ་ཡིན་པས། དྲག་གནོན་ལ་མཚམས་འཇོག་མེད་ན། ང་ཚོའི་ལས་འགུལ་ནམ་ཡང་མཚམས་འཇོག་ཐབས་མེད། རྒྱལ་སྤྱིའི་ཚོགས་སྡེ་ནས་དྲང་བདེན་ལ་སྐྱབས་བཅོལ་ནས་བསྡད་ཡོད་པའི་བོད་མི་ཚོར་རྒྱབ་ཚོར་བྱེད་དགོས་པ་ནན་སྐུལ་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་།
ཡང་གཞོན་ནུའི་རྒྱུན་ལས་དོན་གྲུབ་ལགས་ནས་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་མིག་དཔེ་བཞག་ནས་བོད་མི་ཚང་མས་བོད་དོན་འཐབ་རྩོད་ལ་སྔར་བས་ཤུགས་བསྐྱེད་པ་དང་། དཀའ་ངལ་ཁག་ལ་གདོང་ལེན་བྱས་ནས་ལས་འགུལ་སྤེལ་ཐུབ་པ་བྱེད་དགོས་ཞེས་བརྗོད་སོང་།
ལས་འགུལ་དེ་ནི་ཡུལ་ལུང་གི་གནས་སྟངས་དང་བསྟུན་ནས་འཇོ་ལ་ཁེལ་བོད་མིའི་གཞིས་ཆགས་ཀྱི་བཟོ་གྲྭའི་མདུན་ཐང་དུ་སྤེལ་ཡོད་པ་དང་། མཉམ་ཞུགས་བྱེད་མཁན་མང་ཆེ་བ་ཡང་ཁུལ་དེའི་བོད་མི་རེད། བལ་ཡུལ་དུ་བོད་མི་སྒེར་སོ་སོས་ས་གནས་ཁག་འདྲ་མིན་ལ་མཆོད་འབུལ་བསྔོ་སྨོན་གྱི་ལས་འགུལ་སྤེལ་བཞིན་པ་རེད།།
བལ་ཡུལ་གསར་འགོད་པས།