གླུ་མ་ཧོར་གཙང་ལྷ་ལུང་མཚོ་གློད་འདུག

དེ་ཡང་ཕྱི་ཟླ་༨ ཚེས་༢༠ ཉིན། རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་ཚན་པས་གློ་བུར་གསང་སྟབས་ཀྱིས་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་ཐཱའོ་ཡན་མགྲོན་ཁང་ཞེས་པ་ནས་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་ནང་གི་ན་གཞོན་གླུ་མ་ཧོར་གཙང་ལྷ་ལུང་མཚོ་ད་བར་བཀག་ཉར་བྱས་རྗེས་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གློད་གྲོལ་བཏང་ཡོད་འདུག་ལ། ཞིབ་ཕྲའི་གནས་ཚུལ་གསལ་པོ་མེད་པ་དང་། དེ་སྔོན་མོ་དང་དུས་གཅིག་ལ་འཛིན་བཟུང་བྱས་བའི་དགེ་འདུན་པ་རྒྱུད་སྟོད་འཇིགས་མེད་རྒྱ་མཚོ་ད་དུང་ཡང་གློད་གྲོལ་མ་བཏང་ཐོག་མུ་མཐུད་གནས་སྟངས་ཁ་གསལ་མེད་པ་རེད།

ལྷ་ལུང་མཚོ་དེ་སྔོན་ཨ་མདོ་གཙོད་གྲོང་ཁྱེར་གྱི་གངས་རིའི་གླུ་གར་གླིང་ཞེས་པས་དགོང་ཚོགས་ཤིག་ལ་གདན་ཞུ་བྱས་བ་ལྟར་ཀན་ལྷོ་ལ་འབྱོར་སྐབས་ཁོ་མོ་ཉེན་རྟོག་པས་གསང་སྟབས་ཀྱིས་འཛིན་བཟུང་བྱས་པ་ཡིན་པ་དང་། འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་སོགས་ཀྱི་ཐད་དགེ་འདུན་པ་འཇིགས་མེད་རྒྱ་མཚོའི་ཚ་མོ་ཡིན་ཚུལ་བཤད་སྲོལ་ཡོད་པར་བརྟེན། གནས་ཚུལ་དེ་བྱུང་བའི་ཚོད་དཔག་ཙམ་ལས་ཞིབ་ཕྲ་གང་ཡང་འབྲེལ་ཡོད་ཚན་པས་ཀྱང་གསལ་བཤད་བྱས་མེད་པ་རེད།
གླུ་མ་ལྷ་ལུང་མཚོ་ལགས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཧོར་གཙང་སྡེ་བ་ནས་ཡིན་པའི་བོད་ནང་གི་གསར་སྐྱེས་གླུ་མ་ཞིག་ཡིན་པ་དང་། ཁོ་མོས་ལོ་སྔོན་མའི་གངས་ཆབ་ཟེགས་མའི་འགྱུར་ཁུག་ཞེས་བའི་དགོང་ཚོགས་སྟེང་སེམས་གཞས་ཞེས་དེ་རིང་བཀྲ་ཤིས་ཉི་ཟླ་དགུང་ནས་ཤར།། ཉི་ཟླ་ལྷན་འཛོམས་བྱུང་བར་རྟེན་འབྲེལ་ཞུ།། དེ་རིང་སེམས་ཀྱིས་མགྲོན་པོར་མཆོད་ཆང་འབུལ།། ཆོལ་གསུམ་ལྷན་དུ་འཛོམས་པར་རྟེན་འབྲེལ་ཞུ།། རྨ་ཆེན་གངས་རིའི་འདབས་ཀྱི་འབོད་སྒྲ་འདི།། ས་མཐའི་སྤུན་ཟླ་གླེང་བའི་གཏམ་རྒྱུད་ཡིན།། གཞིས་བྱེས་ལྷན་དུ་འཛོམས་པའི་ཉིན་མོ་ལ།། སྤུན་ཟླ་ཚང་མས་བཀྲ་ཤིས་བདེ་ལེགས་ཞུ།།  ཞེས་བླངས་བའི་གླུ་དབྱངས་ལ་བོད་ཕྱི་ནང་གཉིས་ནས་དགའ་མོས་ཆེན་པོ་བྱས་ཡོད།