༧གོང་ས་མཆོག་ལ་གྷན་ངྷིའི་ཞི་བདེའི་གཟེངས་རྟགས་ཕུལ་བ།

འབུལ་ལམ་ཞུ་རྒྱུ་ཡིན་ནའང། ༧གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཐུབ་མེད་སྟབས། ལྷོ་ཨ་ཧྥི་རི་ཀར་བཅའ་བཞུགས་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་གཟེངས་རྟགས་དེ་བཞེས་འདུག

དེ་ཡང་གྷན་ངྷིའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་སྐབས། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཞིག་དང་མཆོད་མེ། དེ་བཞིན་༸གོང་ས་མཆོག་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་༸ཞབས་སོར་འཁོད་ཐུབ་པ་མཚོན་སླད་ཞབས་སྟེགས་སྟོང་པ་ཞིག་ཀྱང་སྒྲིག་གཤོམ་གནང་འདུག     སྐབས་དེར་གྷན་ངྷིའི་ཐེབས་རྩའི་འགན་འཛིན་ལྕམ་སྐུ་ཨི་ལར་གྷན་ངྷི་མཆོག་གིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ད་བར་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྐྱིད་ཆེད་ཞི་བདེ་གོང་འཕེལ་ཕྱག་ལས་གནང་དང་གནང་མུས་མ་ཟད། ཡང་སྒོས་བོད་མི་རིགས་ཀྱི་བདེ་དོན་སླད་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་ཀྱི་དཀའ་ངལ་སེལ་ཐབས་མཛད་བཞིན་ཡོད་པར་བརྟེན། མི་སུ་འདྲ་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་འཇིགས་སྐུལ་བ་རེད་ཅེས་བརྗོད་ཐབས་གཏན་ནས་མེད། གལ་སྲིད་དེ་ལྟར་ཡོད་ཚེ་ཁོང་ཚོ་རང་ཉིད་ཀྱིས་གོ་ནོར་ཐེབས་པ་དང་གོ་བ་ལོག་སྒྲུབ་བྱས་པ་ཞིག་རེད། དེ་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ད་བར་བོད་ནང་གི་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཆེད་ག་དུས་ཡིན་རུང་རྒྱ་ནག་གཞུང་དང་ཞི་བའི་གྲོས་མོལ་གྱི་ཐབས་ལམ་ཁོ་ན་བརྒྱུད་དེ་འདུམ་འགྲིག་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།།