༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌བོད་པ་ཚང་གི་སྙིང་རྗེ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

 

 

སྙིང་རྗེ་བརྗོད་ལ་དགའ་བའི་བོད་པ་ཚང་།།

སྙིང་རྗེ་ཁ་ཙམ་ཡིན་པའི་བོད་པ་ཚང་།།

མ་བུ་ཁ་བྲལ་བཏང་མཁན་ཤན་པ་ཚང་།།

དམར་ཟས་རོལ་ལ་དགའ་བའི་སྤྱང་ཀི་ཚང་།།

 

རྟག་ཏུ་སྙིང་རྗེའི་ཚིག་དེ་འབོད་ལུགས་ལ།།

བོད་པ་ཚང་དེ་སྙིང་རྗེ་ཆེ་ཚུལ་མངོན།།

ལུ་གུ་མ་མོ་ཁ་བྲལ་བཏང་ལུགས་ནས།།

བོད་པའི་སྙིང་རྗེ་ཁ་ཙམ་ཡིན་པ་ཤེས།།

 

དཔོན་པོ་མཐོང་ན་བོད་པས་སྙིང་རྗེ་གླེང་།།

སྤྲང་པོ་ཐུག་ན་ཁོང་ཚོས་སྙིང་རྗེ་ཟེར།།

སྙིང་རྗེའི་གོ་བ་ལོག་པའི་བོད་པ་ཚང་།།

ཀུན་ལ་ཁྱེད་ཚོའི་སྙིང་རྗེ་དགོས་དོན་མེད།།

 

བླ་མ་མཇལ་ཚེ་བོད་པས་སྙིང་རྗེ་ཟེར།།

རྐུན་ཇག་མཐོང་དུས་ཁོང་ཚོས་སྙིང་རྗེ་བསམ།།

ཚིག་སྐམ་སྙིང་རྗེ་གླེང་མཁན་བོད་པ་ཚང་།།

དོན་དམ་སྙིང་རྗེ་ཟེར་བ་ཁྱེད་ཚོར་དབེན།།

 

ཞིམ་པོའི་དཀར་ཟས་ལོངས་སུ་མ་སྤྱད་པར།།

སྲོག་འཕྲོག་ཤ་ཟ་ཁྲག་འཐུང་ལས་ལ་འབུངས།།

སྤང་དགོས་འཚེ་བ་མ་སྤང་རྟག་ཏུ་སྤྱད།།

མི་དགོས་ཁ་ནས་སྙིང་རྗེ་ཡང་ཡང་གླེང་།།

 

ཁ་བཤད་ལག་ལེན་མེད་པའི་བོད་པ་ཚང་།།

དམར་ཟས་རྒྱུན་དུ་སྤྱོད་པའི་ང་ཚོ་ཚང་།།

གཏི་མུག་ཞིང་ཁམས་ཉུལ་བའི་རྨོངས་ཕྲུག་ཚང་།།

ཉེས་སྐྱོན་མཐའ་དག་འཛོམས་པའི་སྙིང་རྗེ་ཚང་།།