མདོ་སྨད་རྐང་ཚ་རུ་སློབ་ཕྲུག་ཞི་རྒོལ་བ་བཙོན་འཇུག་ཁྲིམས་ཆད།

ཕྱི་ཟླ་གཉིས་པའི་ཚེས་༢༦ ཉིན་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་བོད་རིགས་སློབ་མ་༡༧ གྱིས་རྫོང་མི་མང་སྲིད་གཞུང་སྒོ་ཁར་རྒྱ་ནག་དམར་གཞུང་གིས་བོད་ཐོག་འཛིན་པའི་ཁྲག་དྲི་བྲོ་བའི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་མཚོན་ཆེད་དུ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ཁོང་རྣམས་འཛིན་བཟུང་བཙོན་འཇུགས་བྱས་ཡོད་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་ཆགས་གཞིས་གྲོང་གཉིས་པའི་ནང་སྟོད་བོད་མི་དབང་ལྡན་རྒྱལ་ལགས་ཀྱིས་གནས་ཚུལ་དེའི་སྐོར་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་བོད་རིགས་སློབ་མ་༡༧ གྱིས་ལོ་འདིའི་ཕྱི་ཟླ་གཉིས་པའི་ཚེས་༢༦ ཉིན་རྐང་ཚ་རྫོང་མི་མང་སྲིད་གཞུང་གི་སྒོ་ཁ་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། སློབ་མ་ཚོའི་སྐད་འབོད་ཀྱི་ནང་དོན་གཙོ་བོ་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། སྐད་ཡིག་རང་དབང་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་འདུག དེ་ལྟར་ངོ་རྒོལ་སྐད་འབོད་བྱེད་དགོས་དོན་དེ་ཡང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་ལྷག་པར་དུ་བོད་མི་ས་ཡ་དྲུག་གི་རྩ་དོན་ཆེད་དུ་རང་ལུས་མེར་བསྲེག་བཏང་དང་གཏོང་བཞིན་པ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། དེ་དང་སྟབས་བསྟུན་གྱི་ཡར་ལངས་ཞི་རྒོལ་བྱས་པ་ཞིག་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་ནས་གནས་ཚུལ་དེའི་སྐོར་གསུང་དོན། སློབ་མ་ཚོའི་དེ་ལྟར་མུ་མཐུད་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་པའི་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཡོང་ནས་སློབ་མ་ཚོར་གཅར་རྡུང་དང་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག་ལ། དེའི་ནང་ནས་སློབ་མ་གསུམ་ད་ལྟ་བཙོན་ཁང་དུ་བཅུག་པ་མ་ཟད་ལོ་གསུམ་རེའི་ཁྲིམས་ཐག་བཅད་ཚར་འདུག དེ་བཞིན་སློབ་མ་ལྔ་སློབ་གྲྭ་དེའི་ནང་ནས་ཕྱིར་ཕུད་བཏང་ཡོད་པ་རེད་འདུག གཞན་ཡང་སློབ་མ་བདུན་བརྒྱད་ཞིག་ད་ལྟ་བཙོན་ཁང་དུ་བཅུག་ནས་འདྲི་རྩད་བཀག་ཉར་བྱས་ཡོད་པ་ལས་ད་དུང་ཁྲིམས་ཐག་བཅད་མི་འདུག གནས་ཚུལ་དེ་དང་འབྲེལ་བའི་དོགས་གཞིའི་འོག་ནས་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཡུང་དྲུང་རྒྱལ་ལགས་ཀྱང་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག སློབ་ཕྲུག་དེ་ཚོ་ཡང་རྒྱུ་ཆེན་དང་དཔོན་ཆེན་སོགས་ཀྱི་ཕྲུ་གུ་མིན་ལ་མི་མང་དཀྱུས་མ་འབྲོག་ཕྲུག་རྐྱང་རྐྱང་རེད་འདུག དེའི་རྗེས་སུ་ས་གནས་དེར་ཛ་དྲག་གི་གནས་སྟངས་ཆགས་ཀྱི་འདུག་ཟེར། འོན་ཀྱང་ཁ་པར་སོགས་བརྒྱུད་ལམ་ཚང་མ་རྒྱ་གཞུང་གིས་བཀག་ཡོད་རྐྱེན། གནས་ཚུལ་དེ་ལས་གསལ་ཞིག་གང་ཡང་ཤེས་རྟོགས་བྱུང་མ་སོང་། སྤྱིར་བཏང་ང་ཚོར་ཡོད་སའི་ས་ཆ་ལུང་པ་ཁུག་ཀྱོག་ཡིན་སྟབས་ཕྱི་ཚེས་༢༦ ཉིན་བྱུང་བའི་གནས་ཚུལ་ད་ལྟ་བར་མཁོ་སྤྲོད་བྱེད་ཐུབ་ཡོད་པ་མ་རེད་ཅེས་བརྗོད་སོང་།།

མོན་གྷོ་གསར་འགོད་པས།