ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད།
དེ་ཡང་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས། རང་ལུས་མེར་བསྲེག་གི་ལས་འགུལ་མུ་མཐུད་ནས་ཡོང་གི་ཡོད་པར་བརྟེན། ཐེངས་འདིའི་ཨ་རིའི་གྲོས་ཚོགས་གོང་མའི་(Senate)ནང་བོད་དོན་རྒྱབ་སྐྱོར་ཆེད་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་ཅིག་བཞག་ཡོད་པ་རེད།
༡༽ རང་ལུས་མེར་བསྲེག་བཏང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུ་རྒྱུ་དང། བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་བཟུང་དང་འཛིན་བཞིན་ཡོད་པར་བློ་འགྱོད་བྱ་རྒྱུ།
༢༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ཐད་དམ་དྲག་དང་། ཐེ་བྱུས་བྱ་རྒྱུའི་སྲིད་བྱུས་འཕྲལ་མར་མཚམས་འཇོག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཆོས་དང་བདེ་འཇགས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པ་མ་ཟད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་བསྐྱར་གསོ་གནང་དགོས།
༣༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་དབང་འོག་བཀག་ཉར་བྱས་པ་ཚང་མ་གློད་གྲོལ་གཏོང་དགོས་པ་དང། ཞི་རྒོལ་བྱེད་མཁན་རྣམས་ལ་འཇིགས་སྐུལ་དང་སུན་གཙེར་བཟོ་རྒྱུ་མཚམས་འཇོག་གིས། འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་དང། གཞུང་འབྲེལ་མི་སྣ། ཕྱི་རྒྱལ་སྐུ་ཚབ་འཐུས་མི། དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམས་ཆེད་གཏོང་དགོས་པ།
༤༽ བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་མི་མང་གིས། འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་དེ། བོད་མི་ཚོ་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཁྲིད་གནང་མཛད་པའི་མཛད་རྗེས་ལ་བསྔགས་བརྗོད་ཞུ་རྒྱུ།
༥༽ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༠ ཉིན་བོད་མི་བཙན་བྱོལ་བ་རྣམས་ཀྱིས་དྲང་བདེན་དང་། རྒྱལ་སྤྱིའི་གནས་བབ་ལྡན་པའི་མང་གཙོའི་འོས་ཤོག་འཕེན་རྒྱུའི་ལས་འགུལ་ཐོག་མཉམ་ཞུགས་གནང་བར་བསྔགས་བརྗོད་ཞུ་རྒྱུ།
༦༽ བོད་མི་དང་ཨ་རིའི་མི་མང་དབར་གྱི་མཛའ་བརྩེའི་འབྲེལ་ལམ་བསྐྱར་དུ་སྲ༌བརྟན་གཏོང་རྒྱུ་བཅས་རེད།
ཡང་སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌིན་ཕ་ཡིན་སེ་ཝེན་(Dianne Feinstein)མཆོག་གིས་གསུང་དོན། བོད་མི་ཚོས་ཆོས་དད་དང་རིག་གཞུང་བདག་གཅེས་བྱ་རྒྱུར་འཐབ་རྩོད་བྱེད་བཞིན་པར། ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གྲོས་ཚོགས་གོང་མ་བརྒྱུད་བརྡ་ལན་གསལ་པོ་བཏང་ཡོད། རྒྱ་ནག་གཞུང་གིས་བརྡ་ལན་དེར་ཉན་འཇོག་བྱས་ནས། བོད་མི་ཚོར་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་མཚམས་འཇོག་བྱེད་དགོས། བོད་ཀྱི་༧༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རང་བཙན་རྩོད་ཀྱི་མེད། དེར་བརྟེན་ངས་གྲོས་ཆོད་འདིའི་བརྒྱུད་ནས་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་འབྲེལ་མོལ་གནང་སྟེ། བོད་མི་ཚོའི་དངོས་ཡོད་དཀའ་ངལ་སེལ་ཐབས་ཡོང་རྒྱུར་མཐའ་གཅིག་ཏུ་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་འདུག །