དྲན་སྐུལ་ཐུང་ཐུང་ཞིག འགྲོ་བ་མི་བྱེད་པར་སྦྲོ་བའི་མི་ཡོངས་ལ།

གླིང་ཚ་ཚེ་བརྟན་རྡོ་རྗེ། (བོད། ལྷ་ཀླུ་གཉན་གསུམ)

རང་དབང་ཤོར་མྱོང་བའི་རྒྱལ་ཁབ་དང་མི་དག་གིས། ད་ལྟའི་འཆར་ང་ཚོ་བོད་དང་བོད་མི་ཚོ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ཀྱི་ཡོད་ལ་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད།

གང་ཡིན་ཟེར་ན་མྱོང་ཟིན་པའི་ལོ་རྒྱུས་ཀྱི་བསླབ་བྱ་ལས་རང་དབང་ཤོར་བའི་དཀའ་སྡུག་ཤེས་ཀྱི་ཡོད་ལ་ཤེས་པ་དེར་གདོང་ལེན་བྱེད་པར་མཉམ་གྲོགས་བྱེད་རྒྱུ་དེ་ཡང་འོས་ཤིང་འཚམ་པ་དང་འགྲོ་བ་མི་ཞིག་གི་འགན་འཁྲི་ཡིན་པར་ངས་འདོད་ཀྱི་ཡོད།

ད་ལྟ་ནི་བོད་མི་རྣམས་རང་ཡུལ་ནས་འགྲོ་བ་མི་ཞིག་བྱེད་པའི་དབང་ཚད་ཙམ་ཡང་རག་གི་མེད། བོད་མི་གཞིས་ལུས་པ་རྣམས་ཀྱིས་འགྲོ་བ་མི་ཞིག་བྱེད་པའི་བདག་དབང་ཙམ་ལས་གང་ཡང་རྩོད་ཀྱི་མེད་ལ། ང་རང་ཉིད་ཀྱིས་ཀྱང་གཞིས་ལུས་མི་མང་གི་འགྲོ་བ་མིའི་བདག་དབང་ཙམ་ལས་གང་ཡང་རྩོད་ཀྱི་མེད། དེ་ཙམ་ཡང་མ་རག་ཚེ། ང་ཚོ་བོད་མི་རྣམས་འགྲོ་བ་མི་ཡིན་ཟེར་ནས་བཤད་ཐུབ་མེད་ལ། བཤད་ཀྱང་ཁ་སྟོང་ནང་གི་ཚིག་སྟོང་ཆགས་ཡོད། རང་ཡུལ་ནས་འགྲོ་བ་མི་བྱེད་མ་ཐུབ་པའི་ན་ཟུག་ཤེས་མཁན་གྱི་སྐྱེ་བོའི་རིགས་སུ་ གཏོགས་པ་ང་འདྲ་བ་དེ་དག་གིས་རང་གི་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་ལུས་ངག་ཡིད་གསུམ་འཚེ་མེད་ཞི་བའི་ལམ་ནས་འབུལ་བ་ནི་ཚད་མཐོ་བའི་ཞི་བའི་འཐབ་རྩོད་དུ་བསམ་སྟབས། ངས་རང་གི་མི་རིགས་འདི་འགྲོ་བ་མི་ཞིག་བྱེད་ཐུབ་རྒྱུའི་ཕྱོགས་སུ་བསྐྱོད་ཀྱི་ཡོད་ཀྱང་། ད་ལྟ་ང་དང་བཅས་པའི་བོད་མི་རྣམས་མི་རིགས་གང་གི་ཁུངས་སུའང་མ་ཚུད་པར་ལུས་ཡོད། རྒྱུ་མཚན་ནི་ད་ལྟ་ང་ཚོ་འགྲོ་བ་མི་ཡིན་པར་ཁས་ལེན་ཐབས་མེད།

 

རྒྱལ་སྤྱིའི་ཐོག་གི་སྙན་གྲགས་ཅན་གྱི་མི་སྣ་དང་ཆེས་མཐོའི་དཔོན་རིགས་སུ་ཞིག་ཡིན་ཡང་། བོད་ཀྱི་ཆེད་དུ་སྐད་ཆ་རེ་བཤད་རྒྱུ་ཡིན་ན། བོད་མི་རྣམས་ད་ལྟ་རང་ཡུལ་ན་འགྲོ་བ་མི་ཞིག་བྱེད་པའི་དབང་ཆ་ཙམ་ཡང་མེད་པའི་སྟེང་ལ་རང་གི་རྩ་བའི་བླ་མ་ལ་དད་པ་བྱས་ན་བཙོན་དང་སྲོག་གི་ཉེས་པ་གཏོང་བཞིན་པའི་ལམ་ལུགས་ངན་པ་དེ་ཡི་སྣེ་ཁྲིད་མཁན་ཚོ་ལ་ངོ་རྒོལ་ཡོད་པར་ཁག་འཁུར་ཡོད་པའི་སྒོ་ནས་གཏམ་བཤད་བྱེད་རྒྱུ་བདག་གིས་རེ་སྐུལ་དང་། དེ་ལྟར་མ་ཡིན་པར་ཕར་ཕྱོགས་ཀྱི་ངོ་བསྲུང་ཞོར་དུ་ཕན་ཚུན་གཉིས་ལ་མི་ཕམ་པའི་ གཏམ་བཤད་དེ་ཡི་རིགས་གང་ནས་ཀྱང་མི་གསུང་བར་མཁྱེན།

 

ལྷག་དོན་དུ་བོད་མི་བྱེས་པ་རྣམས་ཀྱིས་གཏན་ནས་བརྗེད་མི་རུང་བ་ནི། འཛམ་གླིང་གི་ལོ་རྒྱུས་གང་དུའང་སྐྱབས་བཅོལ་མི་མང་ཞིག་རྒྱལ་ཁབ་དེའི་བདག་དབང་ཡོངས་རྫོགས་སྤྲད་སྟེ། མི་རིགས་ཤིག་གི་སྐྱབས་བཅོལ་མཇུག་བསྡུས་པ་གང་ཡང་བྱུང་མེད། རྗེས་སུའང་འཛམ་གླིང་གི་ལོ་རྒྱུས་གང་གི་ནང་དུ་འབྱུང་མི་སྲིད་པ་རེད། དེའི་ཕྱིར་བྱེས་པ་ཚོས་ད་ལྟའི་བར་དུ་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་ལས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཐུབ་ཀྱི་མེད། འཐབ་རྩོད་ཀྱི་ལམ་དུ་མ་ཞུགས་བར་དུ་བོད་མི་རིགས་ཀྱི་བདེན་མཐའ་གསལ་བར་རེ་བ་མེད་པ་རེད་ཅེས་ཞུ་རྒྱུ་ཡིན།

༥།༤།༡༢ ཞི་བའི་གོམ་བགྲོད་ཀྱི་ལམ་བར་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། ཡིག་རིགས་གཞན་དག་ལ་བསྒྱུར་ནས་འགྲེལ་སྤེལ་བྱེད་མཁན་ཡོད་ན་དགའ་གུས་ཚད་མེད་ཡོད།