དམར་པོའི་སློབ་གསོ་ཁོ་ནའི་འོག་གི་བོད་ཀྱི་དགོན་སྡེ།
ཕྱི་ཟླ་༤ ཚེས་༡༡ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བའི་ནང། “ལྷ་སའི་དགོན་སྡེ་ཚང་མར་རླུང་འཕྲིན་དང་བརྙན་འཕྲིན་ཡོངས་ཁྱབ་བྱུང་བ།”ཞེས་འཁོད་ཡོད་པ་མ་ཟད།
དགོན་སྡེ་ཁག་ཏུ་གྲྭ་བཙུན་ཚང་མར་བརྙན་འཕྲིན་ལྟ་རྒྱུ་ཡོད་པ་དང་དགོན་སྡེའི་དཔེ་ཁང་དུ་དཔེ་དེབ་སྣ་ཚོགས་ལྟ་ཀློག་བྱ་རྒྱུ་ཡོད་པས་ང་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་གནང་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོར། གདན་ས་གསུམ་གྱི་ཡ་གྱལ་དགའ་ལྡན་དགོན་དུ་རླུང་འཕྲིན་བརྙན་འཕྲིན་དགོན་སྡེར་ཁྱབ་པའི་མཛད་སྒོ་ཟེར་བ་སྤེལ་བ་དང། དེ་ནི་ལྷ་ས་གྲོང་ཁྱེར་གྱི་རླུང་འཕྲིན་བརྙན་འཕྲིན་དགོན་སྡེ་ཡོངས་ཁྱབ་ཀྱི་ལས་དོན་མངོན་འགྱུར་བྱུང་བ་རེད། ཅེས་དང། དགོན་སྡེ་ཡོངས་ཀྱི་གྲྭ་བཙུན་གྱི་རླུང་འཕྲིན་ལ་ཉན་པ་དང་བརྙན་འཕྲིན་ལ་ལྟ་བ། དཔེ་དེབ་དང་ཚགས་པར་ལ་ལྟ་བ་སོགས་ཀྱི་གནད་དོན་ཐག་གཅོད་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་རིག་གནས་ཁེ་དབང་འགན་ལེན་བྱ་ཆེད། ༢༠༡༡ ལོ་ནས་འགོ་བཙུགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་རླུང་འཕྲིན་བརྙན་འཕྲིན་དང་གློག་བརྙན། ཚགས་པར། དཔེ་དེབ་ལྟ་ཀློག་ཁང་སོགས་སྔོན་ཐོན་རིག་གནས་དགོན་སྡེ་ཡོངས་ཁྱབ་ཀྱི་ལས་གྲྭ་ཁྱོན་ཡོངས་ནས་སྤེལ་བ་རེད། ཅེས་བརྗོད་འདུག དོན་དུ་དམར་པོའི་སློབ་གསོ་དང་རྒྱ་གཞུང་གི་དྲིལ་བསྒྲགས་ཁོ་ན་ཁྱབ་བསྒྲགས་བྱེད་ཐབས། ད་དུང་གྲྭ་བཙུན་རྣམས་ཀྱིས་ཆོས་ཕྱོགས་དང་རིག་གནས་ཀྱི་སློབ་གཉེར་དེ་རྣམ་གཡེང་ཁོ་ནའི་ངང་ནས་འཐུས་ཤོར་འགྲོ་བའི་ཆེད་དུ་དམིགས་ཡོད་པ་རེད།
ད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གློག་ཤར་གཏོང་བྱུང་བའི་དགོན་སྡེ་ཚང་མར་དགོས་ངེས་ཀྱི་སྒྲིག་ཆས་ཚང་མ་འགྲེམ་གཏོང་དང་། སྲུང་སྐར་ཐད་གཏོང་བསྡུ་ལེན་སྒྲིག་ཆས་ཆ་ཚང་གྲངས་༡༠༡༣༡ དང། བརྙན་འཕྲིན་འཕྲུལ་ཆས་ཆུང་བ་གྲངས་༨༢༧༡ བརྙན་འཕྲིན་འཕྲུལ་ཆས་ཧ་ཅང་ཆེན་པོ་གྲངས་༢༢༩ སྤྲད་ཡོད་ཅེས་གྲྭ་ཤག་སོ་སོར་ཁྱབ་ཐུབ་པ་ཞིག་བཟོས་ཡོད་ཅེས་བརྗོད་འདུག
ད་དུང་ཚགས་པར་དགོན་སྡེར་ཁྱབ་གདལ་གྱི་ལས་དོན་ཟེར་བ་དེའི་ཐད་༢༠༡༡ ལོའི་ཟླ་བ་༡༢ པར་ཁྱོན་ཡོངས་ནས་ཁྱབ་པ་མངོན་འགྱུར་བྱུང་བ་དང་ཉིན་ལྟར་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེར་ལྷ་ས་དགོང་དྲོའི་ཚགས་པར་དང། མི་དམངས་ཉིན་རེའི་ཚགས་པར། བོད་ལྗོངས་ཉིན་རེའི་ཚགས་པར་ཕོན་ཆེ་སྤྲོད་བཞིན་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་པའི་དགོན་སྡེ་ཁག་ཚང་མར་ཁྱབ་ཐུབ་པའི་འཆར་གཞི་ཡོད་འདུག་ལ། དེ་ཡང་དུས་ཡུན་ལོ་གཅིག་གི་ནང་དུ་ལེགས་འགྲུབ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག།།