མདོ་སྨད་རྔ་པ་རུ་མི་མང་འཛིན་བཟུང་དང་གཅར་རྡུང་།
ཟླ་འདིའི་ཚེས་༡༤ ཉིན་མདོ་སྨད་རྔ་སྟོད་ཨ་འདུས་སྡེ་བའི་ནང་རྒྱ་ནག་གཞུང་གི་ལས་བྱེད་དང་། དམག་མི་མང་པོ་ཡོང་སྟེ་ཚོགས་འདུ་འཚོགས་པ་དང་། ཚོགས་ནས་དམག་མིས་མི་མང་ལ་བཅར་རྡུང་བྱས་ཏེ་མང་པོར་སྐྱོན་ཕོག་དང་། མི་བཅུ་གྲངས་ཤིག་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༤ ཉིན་རྔ་སྟོད་ཨ་འདུས་སྡེ་བའི་ནང་ཕྱི་དྲོའི་ཆུ་ཚོད་ ༢ ཙམ་ལ་རྒྱ་ནག་གཞུང་གིས་ཚོགས་འདུ་ཡོད་ཚུལ་གྱིས་མི་མང་བསྡུ་སྐོང་བྱས་ཤིང་། དེ་སྔ་ནས་མི་མང་ལ་རོགས་སྐྱོར་བྱས་པའི་དངུལ་ལྐོགས་བཟའ་བྱས་པའི་དོགས་གཞི་ཡོད་སའི་ལས་བྱེད་མི་གཉིས་ཡོད་པ་ལ་ལས་ཀ་ཡག་པོ་བྱས་ཚུལ་གྱིས་བསྟོད་ར་བཏང་ནས། དེ་རིང་ཁོང་གཉིས་ལ་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་སྐབས། མི་མང་གིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་མ་ཐག རྫོང་ཐོག་ནས་ཡོང་བའི་ལས་བྱེད་ཚོས་མཉམ་ཁྲིད་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་པ་རླངས་འཁོར་ཆེ་བ་བཅུ་ཡས་མས་ཤིག་ཡོད་པ་ཁོང་ཚོས་མི་མང་ལ་གང་བྱུང་གཅར་རྡུང་དྲག་པོ་བཏང་ཞིང་མི་བརྒྱ་ཡས་མས་རྨས་ལ་སྐྱོན་བཟོས་ཡོད་པ་རེད། དེའི་ནང་ནས་སློབ་དཔོན་སྐྱབས་སོགས་ལ་རྨས་སྐྱོབ་ཚབས་ཆེན་ཕོག་སྟེ་རྔ་པ་རྫོང་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་འདུག
དེ་བཞིན་རྒྱལ་སྡེའི་ཚོ་གསུམ་སྡེ་བའི་མཚམས་ཆེན་དང་། ཚེ་ནོར། བསྟན་འཛིན་ཚེ་རིང་སོགས་མི་བཅོ་ལྔ་ནས་ཉི་ཤུ་བར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཀྱང་། ད་ཆ་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་ཡོང་གི་མེད་འདུག
དེ་ཡང་གནས་ཚུལ་འདི་འཕྲལ་གྱི་འབྱུང་རྐྱེན་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱུང་བར། ཕྱི་ལོ་ ༢༠༠༨ ལོའི་རྗེས་སུ་རྔ་སྟོད་ཨ་འདུས་སྡེ་བ་ཁག་ཐུན་མོང་ལ་དབང་བའི་ས་ཆ་༼འོ་མའི་ལུས་༽(ས་ཆ་འདིར་ཨ་འདུས་སྡེ་བ་ཁག་མ་ཎི་དང་སྙུང་གནས་སོགས་ལ་ལྷན་ཚོགས་གནང་ས་དང་། བླ་མ་དང་དགེ་བཤེས་སོགས་སྡེ་བའི་ནང་དུ་ཕེབས་སྐབས་ཆོས་ཞུ་བ་འཛོམས་ས། དེ་བཞིན་ནས་སྟོན་དང་དུས་སྟོན་སོགས་སྤྲོ་སྐྱིད་གཏོང་ས་བཅས་ཡིན་འདུག )
ཞེས་པ་དེར་རྒྱ་གཞུང་གིས་རྒན་གསོ་ཁང་རྒྱག་དགོས་ཚུལ་བཤད་དེ་ཧམ་ཤེད་ཀྱིས་བཙན་འཕྲོག་བྱས་ཡོད་པ་དང་། སྐབས་དེར་མང་ཚོགས་ཀྱིས་དེ་ལྟར་མི་འགྲིག་ཚུལ་གྱིས་རེ་བ་ནན་བཤད་བྱས་ཀྱང་ནུས་པ་མ་འཐོན་པར་རྗེས་སུ་དེ་ལ་དམག་སྒར་ཆེན་པོ་ཞིག་བརྒྱབ་ཡོད་པ་རེད། དེང་སྐབས་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་རྒྱུན་སྡོད་བྱས་ཡོད་པ་རེད་འདུག
དེའི་ཉེ་འཁོར་དུ་དེང་སྐབས་བོད་ས་ཕལ་མོ་ཆེར་མིང་གི་རོགས་སྐྱོར་དང་དོན་གྱི་བཤུ་གཞོག་གཉིས་ཀ་ཡིན་པའི་ཁང་ཆུང་གྲལ་མཉམ་པོ་ཅན་མང་པོ་ཞིག་རྒྱག་བཞིན་པ་དེ་དག་དང་འདྲ་བར་ཁང་ཆུང་མང་པོ་ཞིག་བརྒྱབ་ཡོད་པ་དེ་དག་མི་མང་ལ་རོགས་སྐྱོར་ཡིན་ཚུལ་གྱིས་སྤྲད་ཡོད་འདུག་ཀྱང་། ལོ་སྔོན་མའི་ལོ་མཇུག་ཙམ་ནས་དེ་ལ་རྒྱ་སྒོར་ཁྲི་བརྒྱད་ཀྱི་འགྲོ་སོང་བཏང་ཡོད་ཚུལ་དང་། ཁྲི་བདུན་རྒྱལ་ཁབ་ཀྱིས་རོགས་སྐྱོར་ཡིན་ཚུལ། ཁྲི་གཅིག་བསྐྱེད་ཀ་དང་བཅས་པ་མི་ཚང་རེ་རེ་བཞིན་སྤྲོད་དགོས་པའི་བརྡ་ལན་འབྱོར་སྐབས། མི་མང་གིས་དང་ཐོག་ཚང་མ་རྒྱལ་ཁབ་ཀྱི་རོགས་སྐོར་ཡིན་ཚུལ་ཁོ་ན་བརྗོད་པ་ལས། སྒོར་མོ་དགོས་ཚུལ་ཚིག་སྣ་གཅིག་ཀྱང་བཤད་མེད་པས་སྤྲོད་མི་ཐུབ་ཚུལ་བཤད་དེ་རྔ་པ་རྫོང་སྲིད་གཞུང་ནས་རྔ་པ་རང་སྐྱོང་ཁུལ་སྲིད་བར་ཡར་མར་ལ་གཏུག་བཤེར་མང་པོ་བྱས་ཡོད་པ་རེད། མ་ཟད་ཁང་པ་དེ་དག་རྒྱག་སྐབས་གྲོང་སྡེ་ལས་ཁུངས་ཀྱི་མི་གཉིས་ཀྱིས་སྤྱི་དངུལ་ལྐོག་བཟའ་བྱས་ཡོད་པའི་དོགས་པ་མང་པོ་བྱུང་ཞིང་། མི་དེ་གཉིས་ལ་ལྟ་ཚུལ་མི་ལེགས་པ་བཟུང་ཡོད་འདུག
དེར་བརྟེན། ཕྱི་ཚེས་ ༡༤ ཉིན་རྔ་པ་རྫོང་ཐོག་ནས་ལས་བྱེད་སྐོར་ཞིག་གིས་དྲག་ཆས་ཉེན་རྟོག་པ་འབོར་ཆེན་ཞིག་མཉམ་ཁྲིད་ཀྱིས་རྔ་སྟོད་ཨ་འདུས་ཤང་དུ་སོང་འདུག་པ་དང་། མི་མང་ཆེས་མི་དགའ་སའི་གྲོང་སྡེའི་ལས་བྱེད་གཉིས་ལ་མི་མང་གི་མདུན་དུ་བསྟོད་ར་བཏང་ཞིང་བྱ་དགའ་སྤྲོད་རྒྱུ་ཡིན་བརྗོད་སྐབས་མི་མང་གིས་དྲང་བདེན་མ་རེད་ཟེར་ནས་རྣམ་འགྱུར་ཤུགས་ཆེན་པོ་བསྟན་འདུག་པ་དེ་མ་ཐག་ཉེན་རྟོག་པ་རྣམས་ཀྱིས་དངོས་སུ་ཐོན་ནས་དྲག་རྡུང་བྱས་ཡོད་འདུག
དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོ་བྱས།