བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ལམ་ལྷོང་མ་བྱུང་བ།
བྱང་ཀོ་རི་ཡའི་འགོ་ཁྲིད་གསར་པ་ཀིམ་ཇོང་ཨན་གྱི་གཞུང་གིས་མི་བཟོས་སྲུང་སྐར་གོ་ལའི་འཁོར་ཐིགས་ལ་འཇོག་རྒྱུའི་ལས་གཞི་དེར། ཨ་སྒོར་ཐེར་འབུམ་གཅིག་འགྲོ་སོང་བཏང་བ་གྱོང་གུད་དུ་གྱུར་ཡོད་པ་རེད།
དེ་ཡང་ཟླ་འདི་ཕྱི་ཚེས་༡༣ ཉིན་བྱང་ཀོ་རི་ཡའི་མི་བཟོས་སྲུང་སྐར་བར་སྣང་ལ་གཏོང་བའི་ལས་གཞི་དངོས་སུ་འགོ་ཚུགས་ཤིང་། ཀིམ་ཇོང་ཨན་གྱིས་ལས་གཞི་དེ་ལེགས་གྲུབ་བྱུང་མཚམས་སུ་ཆབ་སྲིད་ཀྱི་དབང་ཤུགས་རྩེ་མོར་སོན་པ་ཞིག་ལ་རེ་བ་བྱས་པ་དང་། དེའི་མཛད་སྒོ་ཆེད་དུ་བྱང་ཀོ་རི་ཡའི་རྒྱལ་ཁབ་འཛུགས་མཁན་གཙོ་བོ་ཀིམ་ཨིལ་སུང་གི་སྐྱེས་སྐར་ཐེངས་བརྒྱ་པར་གྲ་སྒྲིག་བྱས་ཡོད་འདུག་ལ། དེ་ནི་རྒྱལ་ཁབ་ཀྱི་གུང་སེང་ཆེ་ཤོས་ལ་གཏུགས་པ་ཡིན་པ་རེད།
མཛད་སྒོ་དེའི་སྐབས་བཏང་བའི་འཇིག་རྟེན་འཕུར་གྲུའི་མིང་ལ་“འོད་སྣང་འཕྲོ་བའི་སྐར་མ་”ཞེས་བཏགས་ཤིང་། ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་གུ་ཡངས་ཀྱིས་མགྲོན་འབོད་བྱས་ཡོད་པ་རེད། ཨ་རི་དང་ལྷོ་ཀོ་ཡ་སོགས་རྒྱལ་ཁབ་ཁག་གིས་ཉིན་དེར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་བར་སྣང་དུ་བཏང་ནས་སྐར་མ་གཉིས་ཕྱིན་རྗེས་མཁའ་གྲུ་དུམ་བུ་མི་འདྲ་བ་མང་པོར་གས་འཐོར་ཕྱིན་ཡོད་སྐོར་བསྒྲགས་ཡོད་པ་རེད།
ལྷོ་ཀོ་རི་ཡས་ཚོད་དཔག་བྱས་པ་ལྟར་ན། མེ་ཤུགས་འཕུར་མདའ་དང་མཁའ་གྲུ་གཉིས་བཟོ་སྐྲུན་ཁོ་ནའི་ཆེད་དུའང་ཨ་སྒོར་ས་ཡ་༤༥༠ འགྲོ་གྲོན་བཏང་ཡོད་པ་རེད། མེ་ཤུགས་འཕུར་མདའ་བར་སྣང་དུ་བཏང་ནས་སྐར་མ་གཉིས་ཀྱི་རྗེས་སུ་མེ་སྐྱོན་ཤོར་ནས་ཡུལ་དེའི་མཚོ་སེར་པོའི་ནང་དུ་ལྷུང་ནས་འཐོར་ཡོད་པ་རེད། མེ་ཤུགས་འཕུར་མདའ་བར་སྣང་ལ་གཏོང་བའི་ལས་གཞི་དེའི་སྔ་རྗེས་བར་གསུམ་ལ་རྒྱལ་སྤྱིའི་ཕྱོགས་གང་ས་ནས་སྐྱོན་བརྗོད་ཤུགས་ཆེར་བྱས་པ་མ་ཟད། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་ཀྱང་སྒྱོགས་མདེལ་དང་རྡུལ་མཚོན་ཡར་རྒྱས་གཏོང་མི་ཆོག་པའི་གྲོས་ཆོད་གཉིས་པོར་འགལ་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་པ་བརྒྱུད། ལས་གཞི་དངོས་སུ་ལག་བསྟར་བྱས་རྗེས་གསང་བའི་ཐོག་ཚོགས་འདུ་ཚོགས་ནས་ལས་འཆར་འདིར་ལན་འདེབས་ཇི་ལྟར་བྱེད་ཕྱོགས་སྐོར་ལ་བསམ་གཞིག་བྱས་ཡོད་པ་རེད།
འོན་ཀྱང་ད་ལྟའི་བདེ་འཇགས་ལྷན་ཚོགས་ཀྱི་སྲིད་འཛིན་ཨ་རིའི་གཞུང་ཚབ་པ་སུ་སཱན་ར་ཡེ་སིས་ཚོགས་འདུ་དེའི་ནང་གྲོས་སྡུར་ཇི་བྱུང་དང་ལག་བསྟར་ག་རེ་བྱེད་མིན་སྐོར་གསལ་བསྒྲགས་བྱས་མེད་པ་རེད། དེ་བཞིན་ལས་གཞི་གྲུབ་འབྲས་མ་ཐོན་པར་བརྟེན་རྒྱལ་སྤྱིའི་ནང་དོགས་པ་དང་། སེམས་ཁྲལ་སྔར་བས་ཆེ་བ་བསླངས་ཡོད། བྱང་ཀོ་རི་ཡའི་ནང་དབང་ཆ་འཐབ་རྩོད་ཇེ་ཆེར་འགྲོ་སྲིད་པ་དང་། རྡུལ་ཕྲན་མཚོན་ཆའི་ཚོད་ལྟའི་ལས་གཞི་གསུམ་པ་ཞིག་ལ་ཤུགས་སྣོན་རྒྱག་སྲིད་པའི་བསམ་ཚུལ་ཡང་ཤུགས་ཆེན་འབྱུང་གི་ཡོད་པ་རེད། གྲུབ་འབྲས་མ་ཐོན་པའི་ལས་གཞི་ལ་མ་ལྟོས་པར། འདི་ཟླའི་ཚེས་༡༣ གྱི་རེས་གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་རྒྱལ་ས་ཕི་ཡོང་ཡཱང་གི་ནང་གྲོས་ཚོགས་ཀྱི་ཚོགས་ཆེན་ཞིག་འཚོགས་ནས་ཀིམ་ཇོང་ཨིལ་བྱང་ཀོ་རི་ཡའི་རྒྱལ་ཡོངས་བདེ་སྲུང་ལྷན་ཚོགས་ཀྱི་འགན་འཛིན་གསར་པར་བསྐོ་གཞག་བྱས་ཤིང་། ལྷན་ཁང་དེ་ནི་རྒྱལ་ཁབ་ཀྱི་སྲིད་དབང་མཐོ་ཤོས་དེ་ཡིན་པ་རེད།
མེ་ཤུགས་འཕུར་མདའ་ནམ་མཁའི་ལེ་དབར་༩༤ ཙམ་དུ་སླེབས་པ་དང་། བར་སྣང་གི་སྲུང་སྐར་འབབ་ཚུགས་སུ་འབྱོར་བར་ལེ་བར་༣༡༠ ཙམ་ནས་གས་སྐྱོན་ཤོར་བས་ལམ་ལྷོང་མ་བྱུང་བ་རེད། རེས་གཟའ་ཉི་མ་ཉིན་ཀི་ཇོང་ཨིལ་གྱིས་མེ་ཤུགས་འཕུར་མདའི་ལས་གཞི་དེ་དང་འབྲེལ་ནས་ལོ་རྒྱུས་ནང་མི་མང་ལ་གཏམ་བཤད་དང་པོ་དེ་སྤེལ་བའི་ནང་། ང་ཚོས་ཆེས་མཐའ་མའི་རྒྱལ་ཁ་ཐོབ་པར་མདུན་སྐྱོད་བྱེད་དགོས་ཞེས་བརྗོད་ནས། དམག་དོན་གལ་ཆེ་ཤོས་སུ་བརྩིས་ནས་སྲིད་ཇུས་དགོས་པ་དང་། མེ་ཤུགས་འཕུར་མདའི་ལས་གཞི་རྒྱུན་འཁྱོངས་བྱེད་པའི་བརྡ་ལན་བཏང་ཡོད་པ་རེད།
ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་རེ་གཟའ་ཟླ་བའི་ཚེས་༡༦ ཉིན་མེ་ཤུགས་འཕུར་མདའི་ལས་གཞི་དེར་སྐྱོན་བརྗོད་དྲག་པོ་བྱས་ཤིང། འཕྲལ་དུ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་མཛའ་གྲོགས་རྒྱལ་ཁབ་རྒྱ་ནག་ཚུད་པའི་ཚོགས་མི་རྒྱལ་ཁབ་ཁག་༡༥ ཡོད་པའི་ལྷན་ཚོགས་ཀྱི་འདུ་ཚོགས་ཤིག་ཚོགས་ནས་གྲོས་ཆོད་བཞག་ཅིང་། གལ་ཏེ་གསར་དུ་རྡུལ་ཕྲན་མཚོན་ཆའི་ཚོད་ལྟའམ། མེ་ཤུགས་འཕུར་མདའི་ལས་གཞི་བསྐྱར་དུ་སྤེལ་ཚེ། རྒྱལ་ཚོགས་ནས་མཉམ་འབྲེལ་གྱིས་ཉེས་ཆད་གསར་པ་གཏོང་རྒྱུའི་གཞུང་འབྲེལ་ཉེན་བརྡ་དང་དྲིལ་བསྒྲགས་བྱས་ཡོད་པ་རེད། །