རྒྱ་མིའི་མཁྲེགས་འཛིན། བོད་པའི་གུ་ཡངས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༢  ཕྱི་ལོ་ ༢༠༡༢/༤/༡༨

བོད་རྒྱའི་དཀའ་རྙོག་དེ་རྒྱུན་མ་ཆད་པར་མི་ལོ་༦༠ ལྷག་འདས་ཟིན་པ་དང། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དྲག་གནོན་བྱས་པ་ནས་བཟུང་གུ་ཡངས་ཀྱི་སྲིད་བྱུས་ཤིག་འཛིན་མྱོང་གཏན་ནས་མེད་ཀྱང་།

བོད་པའི་ངོས་ནས་གོ་སྐབས་ནམ་བྱུང་ལ་གུ་ཡངས་དང་བསྟུན་མཁས་ཁོ་ན་བྱས་ཡོད་པ་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་ཁ་གྲག་འདུག  ད་ལྟའི་ཆར་ཡང་མུ་མཐུད་བསྟུན་མཁས་དང་གུ་ཡངས་ཀྱི་རྩེ་མོར་སོན་པ་ལྟ་བུ་གནང་ཡོད་ལ། ལྷག་དོན་དུ་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་སྐབས་གཉིས་རིང་གུ་ཡངས་སམ་བསྟུན་མཁས་ཀྱི་སྲིད་བྱུས་ཚད་ལས་བརྒལ་བ་བཟུང་ཡོད། བཀའ་ཤག་སྐབས་འདིས་ཀྱང་དེའི་རྒྱུན་མཐུད་བྱ་རྒྱུ་ཡིན་ཚུལ་སྔ་རྗེས་སུ་ཡང་ཡང་གསལ་པོ་བཟོས་ཟིན།

ཟམ་གདོང་རིན་པོ་ཆེའི་སྐབས་སུ་རྒྱ་གཞུང་གི་དཔོན་རིགས་ཁག་ལ་ངོ་རྒོལ་སྐད་འབོད་བྱེད་མི་ཆོག་པ་དང། བོད་པའི་ལོ་རྒྱུས་ཀྱི་གནད་དོན་དང། ཆབ་སྲིད་ཀྱི་གནད་དོན། བོད་རིགས་མི་མང་གི་སེམས་ཚོར་དང་འབྲེལ་བ་དམ་ཟབ་ཡོད་པའི་“མི་མང་ལངས་གླུ་”དེ་ཡང་དུས་དེ་ནས་བཟུང་གཞུང་འབྲེལ་གྱི་གར་སྟེགས་ནས་ཕྱིར་འཕུད་གནང་བ་དང། ད་ལྟའི་ཆར་སྤྱི་ཚོགས་ནང་དུའང་གོ་ཐོས་གང་ཡང་མེད་པའི་གླུ་གཞས་ནག་ཆེན་ཞིག་ཏུ་བསྒྱུར་ཟིན། ད་དུང་རྒྱ་དམར་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཁོ་ནས་འགྲིག་པའི་ཡིག་ཆའང་། རྒྱ་གཞུང་ལ་ཕུལ་བ་སོགས་གུ་ཡངས་བསྟུན་མཁས་ཀྱི་ཐོག་ནས་ཚད་མཐོན་པོར་སླེབས་ཡོད།

དུས་རྒྱུན་“བོད་རང་བཙན་གཙང་མ་ཡིན”དང། “རྒྱ་མི་བོད་ནས་ཕར་རྒྱུགས་ཤིག”ཅེས་དང་། ཧིན་སྐད་ཀྱི་ཐོག་ནས། “ཁྲག་ཀྱང་སྤྲོད་ལ་སྲོག་ཀྱང་སྤྲོད་ཆོག རྒྱལ་ཁབ་ཀྱི་བདག་དབང་དུས་ནམ་ཡང་མི་སྤྲོད་”ཅེས་པའི་འབོད་ཚིག་ཡིད་འགུལ་ཐེབས་པ་དེ་དག་ཀྱང། བྱང་ཆུབ་སེམས་མཆོག་མའི་དབྱངས་རྟ་གཉོམ་པོ་ཞིག་ཏུ་བསྒྱུར་བ་སོགས་སྤྱི་ཚོགས་ནང་ཤུགས་རྐྱེན་ཚད་ལས་བརྒལ་བ་ཐེབས་ཐུབ་ཡོད། ཤུགས་རྐྱེན་དེ་ལྟར་ཐེབས་དགོས་དོན་མཁས་དབང་ཟམ་གདོང་རིན་པོ་ཆེ་སྐབས་དེར་བཀའ་བློན་ཁྲི་པ་ཡིན་པ་ཙམ་དུ་མ་ཟད། ཆོས་ཕྱོགས་ནས་བླ་ཆེན་ཞིག་དང་། ད་དུང་༧གོང་ས་མཆོག་གི་དགོངས་གཞི་ཞེས་པའི་དར་ཆ་ཞིག་ཀྱང་འཕྱར་རྒྱུ་ཡོད་པས་ཤུགས་རྐྱེན་དེ་འདྲ་ཞིག་ཐེབས་ཐུབ་པར་ཧང་སང་དགོས་པ་ཞིག་མིན།

ད་ལྟའི་ཆར་དཀའ་ངལ་ཁྱད་དུ་བསད་དེ་དང་བླངས་ཀྱིས་ལས་འགུལ་སྤེལ་མཁན་ཚེ་བརྟན་རྡོ་རྗེ་ལྟ་བུ་ལ་མཚོན་ན་སྙིང་སྟོབས་དང་སེམས་ཤུགས་ལ་སེམས་གཏིང་ནས་བསྔགས་བརྗོད་ཡོད་ཀྱང། གོམ་བགྲོད་སྐབས་རྒྱ་དམར་དྲག་གཞུང་གི་དར་དམར་ཁུར་ནས་འགྲོ་དགོས་པའི་རྒྱབ་ལྗོངས་ལ་བསམ་ཤེས་བྱེད་དཀའ་བ་དང། དེ་ལ་རྒྱབ་སྐྱོར་གནང་མཁན་དག་གིས་ལམ་དབུ་མའི་སྲིད་བྱུས་དང་ཏག་ཏག་མཐུན་ཚུལ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ཀྱང་རྒྱ་དམར་གྱི་དར་ཆ་ཁུར་བ་དེ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་སོགས་གང་ལ་བསམ་ཡང། དངོས་གནས་བོད་པའི་ཆབ་སྲིད་གུ་ཡངས་ནི། མི་ཕལ་བ་ཞིག་གི་བློ་ངོར་ཤོང་དཀའ་བའི་གནས་ཚུལ་ཞིག་ཏུ་གྱུར་འདུག

རྒྱ་དམར་དྲག་གཞུང་གིས་གནའ་ནས་ད་བར་བོད་དོན་ཐད་མཁྲེགས་འཛིན་གྱི་རྣམ་འགྱུར་ལ་དམ་ལྷོད་གཏན་ནས་བཏང་མྱོང་མེད་ལ། ཕྱི་ལོ་༡༩༧༩ ལོར་ཏིང་ཞོ་ཕིང་གིས་གྲོས་མོལ་གྱི་འགོ་འཛུགས་ལྟ་བུའི་སྐད་ཆ་ཞིག་བཤད་མྱོང་ཡང། སྐབས་དེ་དུས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་པ་༧ཏཱ་ལའི་བླ་མའི་སྐུ་ཚབ་ལ་རྡོ་རྒྱག་མི་ཆོག་པ་དང། མཆིལ་ཞགས་འཕེན་མི་ཆོག་པ། ཐལ་རྡུལ་གཏོར་མི་ཆོག་པ་སོགས་ཀྱི་བཀའ་རྒྱ་བཀྲམ་པ་དེའི་ཐོག་ནས་ཤེས་ཐུབ་ལ། རྗེས་མ་སྐུ་ཚབ་དངོས་སུ་བོད་ལ་ཕེབས་པའི་སྐབས་བོད་རིགས་མི་མང་གི་དགའ་བསུའི་རྣམ་འགྱུར་སྟོན་སྟངས་ལ་ཏིང་གིས་གཙོས་རྒྱ་དམར་དྲག་གཞུང་གི་དཔོན་རིགས་རྣམས་ཧ་ལས་ཡོད།

སྐབས་དེ་དུས་ཏིང་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཆ་རྒྱུས་ཀྱང་མེད་པས་བོད་ལ་ཡོང་ཆོག་པའི་གུ་ཡངས་ཤིག་སྤྲད་ན་ཕྱི་སྡོད་བོད་མི་རྣམས་དགའ་ཐག་ཆོད་པ་དང། རྒྱ་གར་གྱི་ས་ཁུག་ལུང་ཁུག་དག་ལ་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་ཚོད་དཔག་བྱས་ཡོད། རྗེས་མ་བོད་ཕྱི་ནང་གི་དངོས་ཡོད་གནས་ཚུལ་དེ་དག་གསལ་པོ་ཆགས་རྗེས་སྔར་བཞིན་བོད་དོན་ཐོག་མཁྲེགས་འཛིན་བྱས་ཡོད་ལ། རྒྱ་དམར་གྱི་དཔོན་རིགས་རྗེས་མ་དག་གིས་ཀྱང་མཁྲེགས་འཛིན་གྱི་སྲིད་བྱུས་དེ་རྒྱུན་འཁྱོངས་ཁོ་ན་བྱས་ཡོད། བོད་པའི་ངོས་ནས་བཀའ་གདམ་གོང་མ་རྣམ་པའི་ལྟ་གྲུབ་ཀྱི་གནད་དམ་པ་བཞིན། ཁེ་དང་རྒྱལ་ཁ་མི་ལ་སྦྱིན།། གྱོང་དང་བུབ་ཁ་རང་གིས་ལེན།། ཞེས་པ་ལག་བསྟར་གནང་ཡོད།

མི་རིགས་རིང་ལུགས་ཀྱི་འཆིང་རྒྱས་བསྡམ་པ་ཞིག་གམ། ཡང་ན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་མེད་པའི་གང་ཟག་ཕལ་བ་ཞིག་ལ་མཚོན་ན་གུ་ཡངས་ཀྱི་སྲིད་བྱུས་མང་པོ་ཞིག་བློ་ངོར་ཤོང་དཀའ་བ་དང། མི་ལོའི་དྲུག་ཅུའི་གྱོང་གུད་དེ་དག་ལ་བསམ་བློ་གཏོང་དུས། རྒྱ་དམར་གཞུང་ལ་སྡང་སེམས་དང་འཁོན་འཛིན་ཡོད་པ་མ་ཟད། རྒྱ་མི་རིགས་ལའང་འཁོན་འཛིན་རང་བཞིན་གྱིས་ཡོང་གི་ཡོད། རྒྱ་དམར་གཞུང་གི་སྲིད་བྱུས་གང་བཟུང་ལ་མཛུབ་མོའི་གར་བསྟན་ཤར་བྱེད་མཁན་དང། རྒྱ་མི་རིགས་ཀྱི་རང་ལྟ་མཆོག་འཛིན་ཁོ་ན་བྱེད་མཁན་གྱི་རྒྱ་རིགས་མི་མང་ལ་མཚོན་ནའང། བོད་པ་ནི་དུས་རྒྱུན་རྒྱ་རིགས་ཀྱི་བྲན་གཡོག་གམ། རྒྱ་རིགས་ལས་སྐྱོ་ཞིང་བླུན་རྨོངས་ཡིན་པའི་ལྟ་ཚུལ་ཡོད་པས། སྤུན་ཟླ་དང་གྲོགས་པོའི་འབྲེལ་བ་འདི་དུས་ནམ་ཞིག་ལ་སླེབས་སྲིད་དམ།།

This will close in 0 seconds