ནང་སྲིད་དྲུང་ཆེའི་ཕྱོགས་བསྐྱོད།
ཟླ་འདིའི་ཚེས་༢༡ ཉིན་བོད་གཞུང་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམ་སྟོབས་རྒྱལ་དང་དྲུང་འཕར་འཆི་ཆེད་རིག་འཛིན་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་ཕེབས་ཏེ།
ཐོག་མར་ས་གནས་ཀྱི་གནད་ཡོད་མི་སྣ་ཚོར་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། དེ་རྗེས་ས་གནས་མི་མང་ལ་གཞིས་ཆགས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་ཐོག་མར་མོན་གྷོ་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་ཀྱི་ལས་རིམ་གནང་གྲུབ་རྗེས། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམ་སྟོབས་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་། བོད་ནང་གི་ཛ་དྲག་གནས་བབ་སྐོར་ངོ་སྤྲོད་དང་འབྲེལ། ཁོང་གིས་“བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་བཞིན་ཡོད་པ་རེད། རང་དབང་དང་ཐོབ་ཐང་མེད་པ་མ་ཟད། ད་ལྟའི་ཆར་རྒྱ་གཞུང་གི་དབང་འཛིན་མི་སྣ་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་ངན་བྱུས་འཐེན་བཞིན་པར་བརྟེན། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་སྐུ་ལུས་མཆོད་མེར་ཕུལ་ནས་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་བཙན་བྱོལ་ནང་ནས་དམིགས་བསལ་འཕག་འཚག་བརྒྱབ་ཡོང་ས་ཞིག་ཡོད་པ་མ་རེད་དེ། ཡིན་ན་ཡང་ཕྱི་རྒྱལ་རང་དབང་ཡུལ་གྲུ་ཁག་ལ་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་མུ་ཐུད་ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན། ང་འདིར་ཡོང་དོན་གཙོ་བོ་མི་མང་གི་འཚོ་གནས་ཐོག་ལ་དཀའ་ངལ་ག་འདྲ་ཡོད་མེད་དང་ནང་སྲིད་ལས་ཁུངས་ཐོག་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ་དང་། གཞིས་ཆགས་སྲ་བརྟན་གནས་ཐུབ་པ་སོགས་ཀྱི་ལས་གཞི་མང་པོ་ཞིག་འགྲོ་དགོས་ཀྱི་ཡོད་པ་རེད། གཞིས་ཆགས་འགོ་བཙུགས་ནས་མི་ལོ་ལྔ་བཅུ་ལྷག་གི་བརྒྱུད་རིམ་ལ་ཆ་མཚོན་ན། བར་ལམ་ང་ནང་སྲིད་ལས་ཁུངས་ནས་གནས་སྤོ་བྱས་ཏེ་ལོ་བཅོ་ལྔ་ཕྱིན་པའི་རྗེས། དེ་རིང་བསྐྱར་དུ་མོན་གྷོར་གཞིས་ཆགས་ཀྱི་གནས་སྟངས་འདི་ལ་བལྟས་ཡོང་དུས་ཁང་པ་གསར་པ་མང་པོ་ཞིག་མཐོང་རྒྱུ་འདུག སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་ཞིང་ལས་གྱི་ལས་གཞི་དེ་གྲོང་སྡེ་ཁ་ཤས་ནང་ལ་གྲུབ་འབྲས་ག་ལ་གང་འཚམས་ཤིག་མཐོང་རྒྱུ་འདུག མི་འབོར་མང་ཏུ་ཏོག་ཙམ་ཕྱིན་ཡོད་པ་རེད། དེ་གཉིས་ཙམ་རེད་མ་གཏོགས་གཞན་ཡར་རྒྱས་དང་འགྱུར་བའི་རྣམ་པ་གང་ཡང་མི་འདུག་ལ། ལྷག་དོན་འཚོ་བའི་སྤྱི་ཕན་གྱི་ལས་གཞིའི་ཐོག་ལ་མོན་གྷོ་རུ་མ་འོངས་བསྐྱར་དུ་ང་ཚོ་བཙན་བྱོལ་དུ་ལོ་ལྔ་བཅུར་སྡོད་དགོས་བྱུང་ན་དགུང་ལོ་བགྲེས་བོ་ཚོ་ནང་བཞིན་གཞིས་ཆགས་འདིའི་ནང་ལ་འཚོ་གནས་ཐུབ་ཀྱི་ཡོད་དམ་མེད་དེ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཏན་ཏན་ཆགས་བསྡད་ཡོད་པ་རེད་”ཅེས་སོགས་གསུངས་སོང་།
༧གོང་ས་མཆོག་གི་བཀའ་དགོངས་དང་གཞུང་གི་ད་ལྟའི་ཆབ་སྲིད་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གསུང་དོན། ༧སྐྱབས་མགོན་རིན་པོ་ཆེའི་ཕུག་རྒྱང་རིང་པོར་དགོངས་པ་བཞེས་ནས་མ་འོངས་མངོན་གཟིགས་ཀྱི་ཐོག་ལ་རྒྱ་གར་ལས་ལོགས་སུ་བོད་མིའི་གཞིས་སྒར་ཁག་ཕྱོགས་གཅིག་ཏུ་འཇོག་དགོས་དོན་དེ། བོད་དང་བོད་མིའི་མིང་མ་བརླག་པ་ཙམ་དུ་མ་ཟད། ཁ་འཐོར་དུ་མི་འགྲོ་བ་སོགས་ཕྱོགས་མང་པོ་ལ་གཟིགས་ནས་དེ་ལྟར་སྐུ་ལུས་བསྐྱོན་པ་རེད། ད་ལྟའི་ཆར་ཡང་བོད་ཀྱི་ལོ་རྒྱུས་ནང་ལ་བྱུང་མ་མྱོང་བའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་༧གོང་ས་མཆོག་གིས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་ལ་རྩིས་སྤྲད་ཟིན་པ་རེད། དུས་ཚོད་དེ་ཡང་མ་སྔ་ཕྱི་བར་འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕུལ་བ་ཡིན་ཅེས་གསུང་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་གིས་ངོས་འཛིན་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ༧གོང་ས་མཆོག་ཞལ་མ་བཞུགས་པའི་དུས་ཚོད་བྱུང་བའི་ཉིན་ནས་བོད་གཞུང་དེ་རྩ་འཐོར་དུ་འགྲོ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་དེ་སྲ་བརྟན་ག་ཚོད་ཆགས་ཐུབ་པ་ཡིན་ན་དེ་ཙམ་གྱི་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ་རེད་ལ། རྒྱ་གཞུང་གིས་ངོས་ནས་དཔེར་ན་ཉེ་ཆར་མང་ཚོགས་ཀྱི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བའི་ལས་དོན་ལམ་ལྷོངས་མི་ཡོང་པ་དང་། བོད་པའི་སྤྱི་ཚོགས་ནང་ཆིག་སྒྲིལ་དང་འཆམ་མཐུན་མི་ཡོང་བའི་དོན་དག་ལ་དམིགས་སུ་བཀར་ནས་རྒན་གཞོན་མང་པོ་ཞིག་ལ་སློབ་སྦྱོང་སྤྲད་ནས་བཏང་ཡོད་པ་རེད་ཅེས་གནས་ཚུལ་ཡོད་བསྡད་ཡོད་རེད། ང་རང་ཚོ་བཙན་བྱོལ་བོད་གཞུང་དེ་ཚགས་ཚུད་འཐུས་སྒོ་ཚང་བ་ཞིག་ཡོད་བསྡད་པ་དེ་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ཤེས་པའི་སྒོ་ནས་སྤྱི་ཚོགས་ནང་ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་ཡོང་གི་ཡོད་མེད་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
མུ་མཐུད་ནས་བཀའ་ཤག་གསར་པའི་ཕྱག་ལས་གནང་ཕྱོགས་སྐོར་ལ་གསུང་དོན། བཀའ་ཤག་གསར་པའི་ཕྱག་ལས་གནང་ཕྱོགས་ཐོག་ལ་ལྟ་གྲུབ་གསུམ་ཡོད་པ་རེད། དང་པོ་ཆིག་སྒྲིལ་གྱི་ནུས་པའི་སྒང་ལ་གསར་བཏོད་ག་རེ་བྱེད་དགོས་མིན་དེ་རེད། གསར་བཏོད་ཀྱི་ནུས་པའི་ཐོག་ལ་རང་ཁ་རང་གསོ་ཡོང་དགོས་པ་དེ་བཀའ་ཤག་གི་རྩ་བའི་དམིགས་ཡུལ་རེད་ལ། ང་ཚོ་ཐོག་མ་འདིར་སྐྱབས་བཅོལ་ལ་སླེབས་པའི་སྐབས་སུ་ཛ་དྲག་རེད། སྐྱོབ་གསོ་དང་རོགས་རམ་ལ་ལག་པ་མི་ཟེད་ཐབས་མེད་རེད། ད་ལྟ་མི་ལོ་ལྔ་བཅུ་ལྷག་ཕྱིན་ཚར་བ་རེད། འདས་པའི་གནས་སྟངས་དང་བསྡུར་བ་ཡིན་ན་མི་རེ་ངོ་རེ་ནས་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་སུ་ཏན་ཏན་ཕྱིན་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་སོ་ནམ་གཞིས་སྒར་འདིའི་ནང་ཞིང་ལས་བྱེད་ཕྱོགས་དང་དེའི་མཐུན་རྐྱེན། བ་ཕྱུགས་གསོ་སྐྱོང་བྱེད་མཁན་བློ་གསར་གླིང་དང། སྒོ་མང་མ་གཏོགས་ཧ་ལམ་མེད་པའི་ཟོ་འདྲ་བོ་རེད། ནང་ལ་ལས་ཀ་བྱེད་མི་དགོས་པར་ཕྱུག་པོ་ཆགས་རྒྱུའི་བསམ་བློ་དེ་ཁུར་ནས་བསྡད་པ་ཡིན་ན་ཧ་ཅང་དཀའ་ལས་རེད། སོ་ནམ་པའི་གཞིས་ཆགས་ཚད་ལྡན་ཞིག་ཆགས་དགོས་ན་དེའི་མཐུན་རྐྱེན་ག་རེ་དགོས་མིན་ཤེས་དགོས་པ་གལ་ཆེན་པོ་རེད་ལ། མི་མང་མཉམ་འབྲེལ་ལ་བསམ་བློ་བཏང་བ་ཡིན་ན་དེ་བས་ཀྱང་གལ་ཆེན་པོ་རེད། མཉམ་འབྲེལ་མི་མང་གི་སྲོག་རྩ་ལྟ་བུ་ཆགས་ཡོད་པ་རེད། མཉམ་འབྲེལ་ཚགས་ཚུད་པོ་དང་སྤུས་དག་པོ་ཡོང་རྒྱུར་མི་མང་གིས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
ཡང་ཁོང་གིས་གཞུང་གི་ས་ཁང་སྒྲིག་གཞི་བསྐྱར་བཅོས་སྐོར་གསུང་དོན། ད་ལྟ་བར་ས་ཁང་སྒྲིག་གཞི་ཞིག་གཏན་འབེམས་བྱས་ཡོད་པ་རེད། ཡིན་ན་ཡང་ས་ཁང་སྒྲིག་གཞི་དང་འགལ་འཛོལ་ཕྱིན་པའི་ལས་རིམ་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། ཆོག་མི་ཆོག་མང་པོ་ཞིག་སྒྲིག་གཞིའི་ནང་ལ་གསལ་ཡོང་དུས། མ་ཆོག་པ་མང་པོ་ཞིག་ལག་ལེན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་གཞིས་ཆགས་ནང་ལ་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་མང་པོ་ཞིག་སྤེལ་དགོས་པ་ཡིན་ན་ཡང་། དེའི་སྒང་ལ་འགྲོ་མ་ཐུབ་པར་ལྷག་ཡོད་པ་རེད། ད་དུང་གསར་བཏོད་ཀྱི་བཀག་རྡོར་ཡང་མང་པོ་སོང་ཡོད་པ་རེད། དེ་ཚོའི་སྒང་ལ་ཆ་བཞག་ནས། སོ་ནམ་གཞིས་ཆགས་ཁག་བཅོ་ལྔའི་ནང་ས་ཁང་ལ་བསྐྱར་བཅོས་གྲོས་གཞི་གྲོས་ཆོད་བྱུང་བ་བཞིན་མི་མང་གི་བསམ་ཤོག་བསྡུ་རུབ་ཀྱི་བཀོད་ཁྱབ་ས་གནས་སོ་སོར་བཏང་ཡོད། ཕྱི་ཟླ་༦ ཚེས་༡༢ ནས་དྷ་སར་ས་གནས་འགོ་འཛིན་ཡོངས་བསྡུ་བསྐོང་གི་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་རེད། དེའི་སྒང་ས་ཁང་སྒྲིག་གཞི་བསྐྱར་བཅོ་སོགས་ག་རེ་དགོས་མིན་གཞུང་གི་སྲིད་ཇུས་དང་མཐུན་པའི་སྒོ་ནས་ལག་ལེན་བྱེད་ཀྱི་རེད་ཅེས་སོགས་གསུངས་སོང་།
དེའི་རྗེས་སུ་མི་མང་གིས་དོགས་འདྲིར་ལན་འདེབས་དང་གསལ་བཤད་སོགས་ཀྱང་གནང་སོང་།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།